བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་འོག་ཚོགས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཚེས་༢༢ཉིན་ཨོས་ཀྲེ་རི་ལི་ཡར་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་
སྤེན་པ་ཚེ་རིང་མཆོག་གིས་གསུངས་གསལ་ལྟར་ན། སྤྱི་འཐུས་སྐུ་ཚབ་རྣམ་པས་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་ཆེད་ཨོས་ཀྲེ་རི་ལི་ཡར་དེ་སྔོན་ནས་ཕེབས་ཐོན་གནང་རྒྱུའི་འཆར་གཞི་ཡོད་མུས་ཡིན་པར་སོང་། དེ་དང་སྟབས་བསྟུན་ཏེ་ད་རེས་ཨོས་ཀྲེ་རི་ལི་ཡའི་Sidneyགྲོང་ཁྱེར་རུ་རྟེན་གཞི་བྱས་པའི་ཨོས་ཀྲེ་རི་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། Australia Tibet Council འམ་ཨོས་ཀྲེ་རི་ལི་ཡའི་བོད་དོན་ལྷན་ཚོགས་དང་། དེ་བཞིན་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་བཅས་ཀྱི་མགྲོན་འབོད་གནང་བ་བཞིན་ཕེབས་དོན་འགྲེལ་བརྗོད་གནང་འདུག ད་རེས་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེའི་ནང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུས་པའི་ཚོགས་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་། སྤྱི་འཐུས་བསོད་ནམ་རྒྱལ་མཚན་ལགས། སྤྱི་འཐུས་རྣམ་ཐར་ཚོ་སྒོ་ལགས་བཅས་ཡིན་ཞིང་། མཛད་འཆར་གཞིར་བཟུང་ལྟར་ན། སྤྱི་འཐུས་སྐུ་ཚབ་རྣམ་པས་Sydneyགྲོང་ཁྱེར་རུ་ས་གནས་བོད་མི་རྣམས་དང་མཇལ་འཕྲད་བཀའ་སློབ་གནང་རྒྱུ་དང་། ས་གནས་དེ་གའི་རྒྱ་རིགས་ལྷན་དང་གྲོས་མོལ་མཇལ་འཕྲད་གནང་རྒྱུ། དེ་བཞིན་Sydney གྲོང་ཁྱེར་གྱི་གཙུག་ལག་སློབ་གྲྭ་གཉིས་ནང་བོད་དོན་གཏམ་བཤད་དང་བགྲོ་གླེང་གནང་རྒྱུ་དང་། དེ་རྗེས་ཨོས་ཀྲེ་རི་ལི་ཡའི་རྒྱལ་ས་Canberra རུ་ཨོས་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་དེ་བཞིན་འབྲེལ་ཡོད་ཆབ་སྲིད་མི་སྣ་བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་དངོས་ཡོད་ཀྱི་གནས་སྟངས་དང་གནས་ལུགས་བཅས་པར་ངོ་སྤྲོད་གསལ་འདོན་གནང་འཆར་ཡོད་འདུགགསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས།།