ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་། མེག་གྷན་པདྨ་ཐང་གི་ཉེ་འགྲམ་དུ་ཡོད་པའི་ནོར་བུ་གསོལ་འགྲོན་ཁང་གི་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༠ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། དེར་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། དམིགས་བསལ་སྐུ་མགྲོན་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་སྐལ་བཟང་དངོས་གྲུབ། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོས་དབུས་ཚོགས་མི་བཅས་མཉམ་ཞུགས་བྱས་འདུག
མཛད་སྒོའི་ཐོག་མར་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར། མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གྲུབ་རྗེས། སྲིད་སྐྱོང་བློ་བཟང་སེང་གེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དུས་དེབ་དང་། སྐུའི་གྱ་སྟོན་སྲུང་བརྩི་ཞུ་ཆེད་ཀྱི་ལོ་ཐོ་དབུ་འབྱེད་གྲུབ་མཚམས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་ནས་ལོ་༡༠ འཁོར་བ་ཁག་ཅིག་ལ་ཚོང་གི་སློབ་སྦྱོང་དང་འབྲེལ་བའི་གལ་ཁྱེར་གནང་སོང་།
དེ་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བོད་མིའི་ཚོང་ལས་བདེ་ཚོགས་དེ་ཕྱི་ལོ་༢༠༠༥ ལོར་གསར་འཛུགས་གནང་སྟེ་ད་ལོར་མི་ལོ་བཅུ་འཁོར་གྱི་ཡོད་སྐོར་དང་། དེ་བཞིན་ད་ལྟའི་བར་ཚོགས་པ་འདིའི་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད་པ་དེ། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་བཀའ་དྲིན་ཆགས་ཡོད་སྐོར་སོགས་གསུངས་བྱུང་།
དྲུང་ཆེ་ཚེ་རིང་རྡོ་རྗེས་ཕྱི་ལོ་༢༠༡༤ དང་། ༢༠༡༥ ལོའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་བའི་ནང་། རྒྱ་གར་རྒྱལ་སྤྱིའི་ཚོང་འདུས་ཐེངས་༣༤ པའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་མཉམ་ཞུགས་ཀྱིས། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་༢༥ ཡོད་ས་ནས་བོད་ཀྱི་རྒྱལ་དར་འཕྱར་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་དང་། རྒྱལ་ས་ལྡི་ལིར་ལོ་རྟག་པར་ཧི་མ་ལ་ཡའི་དུས་སྟོན་འཚོགས་ཏེ། བོད་ཀྱི་རིག་གཞུང་བརྒྱུད་སྤྲོད་བྱ་ཐབས་གནང་གི་ཡོད་སྐོར། དེ་བཞིན་ལྡི་ལིས་གཙོས་ས་གནས་ཁག་ཏུ་བོད་མིའི་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་མང་པོ་གནང་ཡོད་སྐོར་དང་། ཤེས་རིག་ལས་ཁུངས་བརྒྱུད་བོད་རིགས་སློབ་ཕྲུག་གཉིས་ལ་ཆེ་མཐོའི་ཚོང་རིགས་སློབ་སྦྱོང་ཆེད། སློབ་ཡོན་ལོ་གསུམ་རིང་ཕུལ་ཐུབ་པ་བྱུང་ཡོད་སྐོར་སོགས་འཁོད་འདུག
དམིགས་བསལ་སྐུ་མགྲོན་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་སྐལ་བཟང་དངོས་གྲུབ་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཚོགས་པ་དེའི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་འབྲེལ། སྤྱི་ཚོགས་ནང་ཚོང་ལས་གལ་ཆེན་པོ་ཆགས་ཡོད་པར་བརྟེན། མ་འོངས་པར་ཡང་ཚོགས་མི་ཚང་མས་ཤུགས་བརྒྱབ་སྟེ། ཚོང་ལས་ཡར་རྒྱས་མུ་མཐུད་དུ་གཏོང་དགོས་སྐོར་སོགས་གསུངས་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ངོས་ནས་ཚོང་ལས་གཅིག་པུ་མ་ཡིན་པར་བོད་ཀྱི་རིག་གཞུང་བརྒྱུད་སྤྲོད་བྱ་ཐབས་དང་། བོད་ནང་གི་བོད་མི་ཚོ་དང་མཉམ་ཚོང་ལས་དང་འབྲེལ་བ་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར། དེ་བཞིན་མ་འོངས་པར་གཞིས་ཆགས་ཁག་གི་ནང་ཚོང་ལས་དང་འབྲེལ་བ་བྱ་ཐུབ་ན་ཡག་པོ་ཡོད་སྐོར་སོགས་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བཙན་བྱོལ་ནང་གི་འཚོ་བའི་ཡོང་འབབ་མང་ཆེ་བ་ཚོང་ལས་ཀྱི་ཐོག་ནས་ཡོང་གི་ཡོད་པར་བརྟེན། དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་ཀྱང་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཐད་ཤུགས་རྒྱག་གི་ཡོད་སྐོར་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་ཀྱང་སྔར་ལྟར་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་ཐད་འབད་བརྩོན་དགོས་པ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་ཚོང་ལས་གཅིག་པུ་མ་ཡིན་པར་བོད་དོན་དྲིལ་བསྒྲགས་དང་། རིག་གཞུང་བརྒྱུད་བསྒྲགས་སོགས་ཀྱི་ཐད་ལ་ཡང་འགན་ཁུར་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པ་བློ་བཟང་མཁྱེན་བརྩེ།
བང་ཆེན་དྲ་བ་ནས།།
