ལབ་ གླེང་ དང་ འགྲན་ རྩོད་ ཁྲོད་ ནས་ ཁ་ སང་ ཨ་ རིའི་ གཟའ་ ཉི་ མའི་ ཉིན། ནེའུ་ ཡོག་ དང་ ནེའུ་ ཇིར་ སི་ ས་ གནས་ བོད་ ཀྱི་ གཞོན་ ནུ་ ལྷན་ ཚོགས་ སྐབས་ བཅུ་ གསུམ་ པའི་ རྒྱུན་ ལས་ རྣམས་ གསར་ འདེམས་ གནང་ ཡོད་ འདུག
ཐེངས་ འདིར་ ས་ གནས་ ཁག་ འདྲ་ མིན་ ནས་ ཕེབས་ པའི་ མི་ མང་ ༡༥༠༠ ཙམ་ འདུ་
ཐེངས་ འདི་ ནི་ བྱང་ ཨ་ རིའི་ ལོ་ རྒྱུས་ ཐོག་ གི་ ས་ གནས་ གཞོན་ ནུའི་ འོས་ བསྡུའི་ ཆ་ ཤས་ ལེན་ མཁན་ མང་ ཤོས་ དེ་ ཆགས་ ཡོད་ པ་ དང་ ། དང་ བླངས་ འོས་ མིར་ ལངས་ མཁན་ ༢༢ བྱུང་ ཡོད་ འདུག
འོས་ འདེམས་ ལེགས་ འགྲུབ་ བྱུང་ རྗེས་ ས་ གནས་ ཀྱི་ གཞུང་ འབྲེལ་ མིན་ པའི་ ཚོགས་ སྡེ་ ཁག་ དང་ མི་ མང་ བཅས་ ཀྱིས་ རྒྱུན་ ལས་ གསར་ པ་ རྣམས་ ལ་ ཁ་ བཏགས་ སྒྲོན་ འབུལ་ ཞུས་ ཡོད་ འདུག
ཐེངས་ འདིར་ འོས་ ཐོན་ བྱུང་ བའི་ རྒྱུན་ ལས་ དག་ གི་ འོས་ གྲངས་ ནི། འཇམ་ དཔལ་ བསྟན་ འཛིན་ ལ་ འོས་ གྲངས་ ༥༦༠ དང་ ། ངག་ དབང་ དཔལ་ ལྡན་ ལ་ འོས་ གྲངས་ ༥༤༡། བསྟན་ འཛིན་ གྲགས་ ལྡན་ འོས་ གྲངས་ ༥༣༥། ནོར་ བུ་ བསམ་ གྲུབ་ འོས་ གྲངས་ ༥༣༤། བསོད་ ནམས་ ཆོས་ འཛོམས་ འོས་ གྲངས་ ༥༣༡། བསྟན་ འཛིན་ པ་ སངས་ ལ་ འོས་ གྲངས་ ༤༩༤། བསོད་ ནམས་ ཚེ་ རིང་ འོས་ གྲངས་ ༤༨༣། སངས་ རྒྱས་ བཀྲ་ ཤིས་ འོས་ གྲངས་ ༤༥༥། ཀུན་ དགའ་ ནོར་ བུ་ འོས་ གྲངས་ ༤༣༩། སྒོར་ གོ་ བསྟན་ དབྱངས་ འོས་ གྲངས་ ༤༣༥། ཡེ་ ཤེས་ རྡོ་ རྗེ་ འོས་ གྲངས་ ༤༣༡ བཅས་ ཐོབ་ ཡོད་ འདུག
ཐེངས་ འདིར་ འོས་ ཤོག་ ཞིབ་ བཤེར་ གནང་ མཁན་ ཨ་ རིའི་ རླུང་ འཕྲིན་ ཁང་ གི་ རྣམ་ རྒྱལ་ ཤཱསྟི་ དང་ ། གཞོན་ ནུའི་ ཚོགས་ གཙོ་ ཟུར་ བ་ སྒོ་ དྲུག་ སྐལ་ བཟང་ ཕུན་ ཚོགས་ སོགས་ ཡིན་ འདུག འོས་ འདེམས་ རྗེས་ རྒྱུན་ ལས་ གསར་ པ་ ཚོ་ ནང་ ཁུལ་ འཛོམས་ ཏེ་ དེ་ སྔའི་ ས་ གནས་ གཞོན་ ནུའི་ ཚོགས་ གཙོ་ ངག་ དབང་ དཔལ་ ལྡན་ ལགས་ བསྐྱར་ དུ་ ཚོགས་ གཙོར་ བསྐོ་ བཞག་ གནང་ ཡོད་ འདུག
ད་ ལོའི་ གསུམ་ བཅུའི་ དུས་ དྲན་ ཉིན་ ཨ་ རིའི་ ནེའུ་ ཡོག་ གི་ མི་ མང་ གི་ སྐད་ འབོད་ སྐབས་ རྙོག་ གླེང་ ཞིག་ བྱུང་ བར་ བརྟེན་ ཏེ། ཟླ་ སྔོན་ མའི་ ཚེས་ ༣༠ ཉིན་ དབུས་ བོད་ ཀྱི་ གཞོན་ ནུ་ ལྷན་ ཚོགས་ ཀྱིས་ ནེའུ་ ཡོག་ དང་ ནེའུ་ ཇིར་ ས་ ས་ གནས་ གཞོན་ ནུ་ ལས་ དོན་ ཐོག་ ནོར་ འཛོལ་ ཤོར་ ཡོད་ སྟབས། ས་ གནས་ གཞོན་ ནུའི་ ཚོགས་ གཙོ་ ངག་ དབང་ དཔལ་ ལྡན་ ལགས་ ཀྱིས་ ལས་ གནས་ ནས་ དགོངས་ པ་ ཞུ་ དགོས་ པ་ མ་ ཟད་ གཞོན་ ནུའི་ ཚོགས་ མིའི་ ཁོངས་ ནས་ ཀྱང་ འཐོན་ དགོས་ པའི་ གསལ་ བསྒྲགས་ སྤེལ་ ཡོད།
ཕྱི་ ཚེས་ ༣༡ ཉིན་ ནེའུ་ ཡོག་ དང་ ནེའུ་ ཇིར་ སི་ ས་ གནས་ གཞོན་ ནུའི་ རྒྱུན་ ལས་ ཀྱིས་ དབུས་ ལ་ ཡི་ གེ་ ཞིག་ བཏང་ སྟེ་ དབུས་ ཀྱི་ བཀོལ་ ཁྱབ་ གཞོན་ ནུའི་ སྒྲིག་ གཞི་ དང་ འགལ་ ཡོད་ སྐོར་ བརྗོད་ ཡོད་ འདུག་ ཀྱང་ ། ཕྱི་ ཟླ་ ༤ ཚེས་ ༡༤ ཉིན་ མི་ ནེ་ སོ་ ཊ་ དང་ ཝ་ ཤིན་ ཊོན། སིན་ ཧྥ་ རན་ སེ་ སི་ ཁོ། པོར་ ཊི་ ལན་ ཌི། སི་ ཨ་ ཊྲལ། ཊོ་ རོན་ ཊོ་ སོགས་ ས་ གནས་ ཁག་ ༧ གྱིས་ དབུས་ གཞོན་ ནུའི་ ཐག་ གཅོད་ དེར་ རྒྱབ་ སྐྱོར་ ཡོད་ པའི་ ཡི་ གེ་ ཞིག་ ཀྱང་ བཏང་ ཡོད་ འདུག
ད་ ལོའི་ གསུམ་ བཅུའི་ དུས་ དྲན་ ཉིན་ གྱི་ ཉེའུ་ ཡོག་ ཏུ་ སྐད་ འབོད་ གནང་ ཕྱོགས་ ཀྱི་ རྙོག་ གླེང་ ཐད། ཟླ་ འདིའི་ ཚེས་ ༣ ཉིན་ ཨ་ རིའི་ སྐུ་ ཚབ་ དོན་ གཅོད་ མཆོག་ དང་ བྱང་ ཨ་ རིའི་ སྤྱི་ འཐུས་ རྣམ་ གཉིས། དེ་ བཞིན། བོད་ རིགས་ སྤྱི་ མཐུན་ ཚོགས་ པ་ དང་ ས་ གནས་ གཞོན་ ནུ་ དང་ བུད་ མེད། ཆུ་ བཞི་ སྒང་ དྲུག བོད་ རང་ བཙན་ སློབ་ ཕྲུག་ ཚོགས་ པ། ཨ་ རིའི་ བོད་ ཀྱི་ མཐུན་ གྲོགས་ ཚོགས་ པ་ བཅས་ ཀྱི་ སྐུ་ ཚབ་ ཚོགས་ བསྡུ་ བསྐོངས་ ཏེ། མ་ འོངས་ པར་ གསུམ་ བཅུའི་ དུས་ དྲན་ དེ་ ས་ གནས་ བོད་ རིགས་ སྤྱི་ མཐུན་ ཚོགས་ པའི་ གོ་ སྒྲིག་ གནང་ སྟེ་ གཞུང་ འབྲེལ་ གྱིས་ སྲུང་ གཙི་ དང་ སྐད་ འབོད་ དང་ གཏམ་ བཤད་ སོགས་ ཀྱང་ བོད་ མིའི་ འཐབ་ རྩོད་ དང་ ཆིག་ བསྒྲིལ་ མཚོན་ པ་ གནང་ རྒྱུར་ སྤྱི་ མོས་ གྲོས་ ཆོད་ བཞག་ ཡོད་ འདུག
དུས་བབ་དྲ་བ་ནས།།

