(སྒྲོལ་མ་ཚེ་མཚོས་བསྒྱུར། ༢༠༡༡ལོའི་ཟླ ༠༩ཚེས ༢༧ཉིན་དང༌། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན་ནས།
ཟླ་བ༩པའི་ཚེས༡༧ཉིན་ནས་ཚེས༢༡ཉིན་གྱི་བར།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ།ཀྲུང་དབྱང་བོད་ལྗོངས་ལས་ཀའི་མཐུན་སྦྱོར་ཚོ་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲུའུ་ཝེ་ཆུན་ཀྱིས་ཀྲུང་དབྱང་གི་ལས་སྒྲུབ་ཚོ་ཆུང་སྣེ་ནས་རང་ཁུལ་དུ་དཀར་མཛེས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་ལས་ཀ་དང་དགོན་པའི་དོ་དམ་ལས་ཀ་སྒྲུབ་ཚུལ་བརྟག་ཞིབ་ཟབ་མོ་གནང་བ་རེད།ཀྲུའུ་ཝེ་ཆུན་ཀྱིས་ནན་གསུང་གནང་རྒྱུར།དར་ཆ་གསལ་པོས་ཏཱ་ལའི་ཡི་ཚོགས་པ་དང་འཐབ་རྩོད་མཐར་ཕྱིན་བྱས་ནས་བཅའ་ཁྲིམས་ལྟར་དགོན་པ་དོ་དམ་བྱ་རྒྱུ་ཇེ་དྲག་གཏོང་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང༌།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཁང༌།ཁུལ་ཨུའི་རྒྱུན་ཨུ།ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཁེ་བཅས་ཀྱི་ཕེབས་རོགས་འོག ཀྲུའུ་ཝེ་ཆུན་དང་ལྷན་ཕེབས་ཚོས་སྔོན་རྗེས་སུ་དར་མདོ་དང༌།རྟའུ།བྲག་འགོ གསེར་ཐར།དཀར་མཛེས།ཉག་རོང༌།ལི་ཐང༌།ཉག་རྫོང་བཅས་སུ་འབྲོག་པའི་གཞིས་ཆགས་ས་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དངོས་སུ་གཟིགས་རྟོག་གནང་བ་དང་དཀའ་གནད་ཅན་གྱི་མང་ཚོགས་ལ་འཚམས་འདྲི་ཞུ་སར་ཕེབས་ནས་གཞི་རིམ་གྱི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་དང་བསམ་ཚུལ་སྤེལ་རེས་གནང་བར་མ་ཟད།ད་རུང་དགོན་པ་ཆ་ཤས་ཀྱི་ཡུལ་དངོས་སུ་གཟིགས་རྟོག་དང་བརྟག་ཞིབ་གནང་བ་དང༌།དགོན་པའི་མི་རིགས་དོ་དམ་ཨུ་ལྷན་གྱི་གྲུབ་མི་དང་དགོན་པར་བཅའ་སྡོད་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་དང་གླེང་མོས་གནང་བ་རེད།
ཚེས༢༡ཉིན་གྱི་ཕྱི་དྲོར།ལིའུ་ཏའོ་ཕིང་དང་ལི་ཁང་རྣམ་གཉིས་ཀྱིས་ཁུལ་ཡོངས་ཀྱི་ལས་ཀ་སྒྲུབ་ཚུལ་ཀྲུའུ་ཝེ་ཆུན་དང་ལྷན་ཕེབས་རྣམས་ལ་སྙན་སེང་ཞུས་པ་རེད།ཀྲུའུ་ཝེ་ཆུན་གྱིས་སྙན་ཞུ་གསན་རྗེས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང༌།ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་གི་བརྟན་བརླིང་ལས་ཀ་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཕྱིན་ཆད་ཀྱི་བརྟན་བརླིང་ལས་ཀ་ཐད།ཀྲུའུ་ཝེ་ཆུན་གྱིས་ནན་གསུང་གནང་དོན།དར་ཆ་གསལ་པོས་ཏཱ་ལའི་ཡི་ཚོགས་པ་དང་འཐབ་རྩོད་མཐར་ཕྱིན་བྱེད་དགོས།རིམ་ཁག་ལས་བྱེད་པ་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏཱ་ལའི་ཡི་ཚོགས་པའི་ལོག་སྤྱོད་ཀྱི་ངོ་བོ་ལ་ངོས་འཛིན་ཟབ་མོ་བྱས་ནས་ཁ་བྲལ་ལ་ངོ་རྒོལ་འཐབ་རྩོད་བྱ་རྒྱུ་དེ་དུས་ཡུན་རིང་པོའི་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་རྙོག་འཛིང་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས་དར་ཆ་གསལ་པོ་དང་བློ་བརྟན་འགྱུར་མེད་ཀྱིས་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་དང༌།མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་བྱས་ནས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ལུགས་གསལ་ལ་མི་གསལ་བ་མི་བྱེད་པ་དང༌།རིག་པ་དྭངས་གསལ་ཡོང་བ་བྱེད་པ།རྣམ་འགྱུར་བརྟན་པོ་བྱེད་པ།བྱ་སྤྱོད་གཡོ་འགུལ་ལ་མི་བྱེད་པ་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ་དང༌།ཏང་དང་བློ་སེམས་གཅིག་མཐུན་ཡོང་བ་བྱེད་པ།སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཏཱ་ལའི་ཡི་ཁ་བྲལ་ཚོགས་པ་དང་འཐབ་རྩོད་མཐར་ཕྱིན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་དང༌།སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང༌།མེས་རྒྱལ་གཅིག་གྱུར་ཡོང་བ་སྲུང་སྐྱོང་བྱས་ནས་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་འཇོག་དགོས།
ཀྲུའུ་ཝེ་ཆུན་ཀྱིས་དར་མདོ་རྫོང་ལྷ་སྒང་ཤང་ལྕམ་པ་གྲོང་ཚོར་དཀའ་གནད་ཆེ་བའི་མང་ཚོགས་ལ་འཚམས་འདྲི་ཞུ་བཞིན་པ་རེད།
