སྤེལ་དུས། 2012-06-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། ཡེ་རྡོ།
ཟླ་༦ཚེས་༣ཉིན། ཏཱ་ལའི་ཚོགས་ཁག་གི་བཙན་བྱོལ་བོད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཀའ་བློན་གྱིས་བློ་ཕམ་ངང་ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་ལས་ཁུར་རྩ་དགོངས་ཞུས་པ་དང་ལེན་བྱས་ཞེས་དང་། སྨྱོ་ཧམ་ངང་བཀའ་ཤག་གིས་ཀྲུང་གོའི་སྲིད་གཞུང་ལ་དབུ་མའི་ལམ་དང་ལེན་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་པའི་སྐོར་བཏོན་པ་མ་ཟད།
ད་དུང་དུས་དང་རྣམ་པ་ཀུན་དུ་དོན་སྙིང་ལྡན་པའི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་སྐོར་བསྒྲགས་འདུག ཟླ་༦ཚེས་༦ཉིན་བཙན་བྱོལ་བོད་གཞུང་གིས་ཡང་བསྐྱར་དུས་ནམ་ཞིག་ལ་གྲོས་མོལ་སླར་གསོ་བྱས་ཀྱང་། བཙན་བྱོལ་བོད་གཞུང་གིས་སྐུ་ཚབ་གསར་བ་མངགས་རྒྱུ་ཡིན་པའི་སྐོར་བསྒྲགས་ནས། དེ་སྔོན་གྱི་ཏཱ་ལའི་སྐུ་ཚབ་དང་ཀྲུང་དབྱང་སྲིད་གཞུང་གཉིས་བར་གྱི་གྲོས་མོལ་དེ་ཞག་གཅིག་རིང་བཙན་བྱོལ་བོད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་གྲོས་མོལ་ལ་གྱུར་བ་རེད། འགྱུར་བ་འདི་འདྲའི་ཆེན་པོ་དེའི་སྐོར་ལ་ཏཱ་ལའི་ཡིས་ད་བར་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་འདུག་མོད། ཡིན་ནའང་ཏཱ་ལའི་ཚོགས་ཁག་གི་ནང་རོལ་གྱི་གྲུབ་ཚུལ་དང་བདག་གཉེར་དོ་དམ་བྱེད་སྟངས་ཤེས་པའི་མི་ཀུན་ལ་གསལ་བ་ནི། འགྱུར་བ་དེར་ཏཱ་ལའི་འཐད་པ་ཡིན་མིན་གང་ཡང་རུང་། གང་ལྟར་ཏཱ་ལའི་ཡིས་ཡིན་གཅིག་མིན་གཉིས་ཁས་ལེན་དགོས་པ་རེད། འགྱུར་བ་འདིའི་མཇུག་འབྲས་ནི་རྩ་བའི་ཆ་ནས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་པའི་རྨང་གཞི་གཏོར་བ་དང་། གྲོས་མོལ་བྱེད་པའི་གནད་དོན་ཐད་ཏཱ་ལའི་དཀའ་ངལ་ཆེན་པོར་འཕྲད་ཅིང་ནང་ཁུལ་ལ་འགལ་བ་མང་པོ་བྱུང་དུ་བཅུག་པ་རེད།
དོན་རྐྱེན་འདིས་ཅི་ཞིག་མཚོན་ཡོད་ཅེ་ན།
དང་པོ། དོན་རྐྱེན་འདིས་ཏཱ་ལའི་ཡི་གྲོས་མོལ་བརྒྱུད་ཀྲུང་དབྱང་སྲིད་གཞུང་ཆབ་སྲིད་སྟེང་ནས་གཟུར་བཤོལ་བྱེད་དུ་འཇུག་བསམ་པའི་གཡོ་ཇུས་དང་རེ་ངན་དེ་རྩ་བ་ནས་སྟོང་ཟད་དུ་གྱུར་བ་མཚོན་ཡོད།
༢༠༠༢ལོ་ནས་བཟུང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཛིན་པས་ཐེངས་བཅུ་རིང་ཏཱ་ལའི་སྒེར་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་ལ་ཐུག་འཕྲད་གནང་ཞིང་། ཁོང་ཚོ་ལ་བོད་ལྗོངས་སོགས་ས་ཁུལ་མང་པོར་ལྟ་སྐོར་བྱེད་དུ་བཅུག་པ་དང་། རྒྱལ་ཁབ་ཀྱི་གནས་སྟངས་དང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་ལ་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་གསལ་བཤད། ཏཱ་ལའི་ཡི་ནོར་འཁྲུལ་བྱ་སྤྱོད་བསྒྱུར་བཅོས་བྱེད་པར་མཛུབ་སྟོན་སོགས་བྱས་ནས། ཏཱ་ལའི་ལ་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཡང་དག་པའི་ལམ་ལ་ཞུགས་པའི་གོ་སྐབས་ཤིག་བསྐྲུན་པ་རེད། ཡིན་ནའང་ཏཱ་ལའི་ཡིས་ཀྲུང་དབྱང་གི་བཟང་སྤྱོད་དེ་སྣང་མེད་དུ་གཡུག་ནས། གྲོས་མོལ་ཁྲོད་ཐོག་མཐའ་བར་གསུམ་དུ་བོད་ཆེན་པོ་དང་། རང་སྐྱོང་གཙང་མ་སོགས་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ལྟ་བ་རྒྱུན་འཁྱོངས་བྱས་པ་མ་ཟད། ད་དུང་རྒྱུན་ཆད་མེད་པར་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་སྟེ། ཐ་ན་༢༠༠༨ལོའི་ལྷ་སའི་ “༣·༡༤”ཡི་དྲག་སྤྱོད་དོན་རྐྱེན་ཚབས་ཆེན་བསླངས་པ་དང་། ནུབ་ཕྱོགས་ཀྱི་སྟོབས་ཤུགས་འགར་ངན་འབྲེལ་བྱས་ནས་པེ་ཅིང་གི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཀྲུང་དབྱང་སྲིད་གཞུང་གིས་གཟུར་བཤོལ་བྱེད་པའི་རེ་ངན་བཅངས། ༢༠༠༨ལོའི་གྲོས་མོལ་ཐེངས་དགུ་བའི་རིང་། ཏཱ་ལའི་ཡི་སྐུ་ཚབ་དོན་གཅོད་ཀྱིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་བོད་དམངས་ཀྱིས་རང་སྐྱོང་རྣལ་མ་ཐོབ་པའི་དྲན་ཐོ་ཞེས་པ་བཏོན་ནས། བོད་དེ་གནའ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་སྐོར་བརྗེད་དེ། སྨྱོ་ཧམ་ངང་བཙན་བྱོལ་བོད་གཞུང་ནི་བོད་དམངས་ཀྱི་འཐུས་ཚབ་ཡིན་པ་དང་། ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་བླང་བྱ་བཏོན། དྲན་ཐོ་དེ་བཏོན་མ་ཐག ཀྲུང་དབྱང་སྲིད་གཞུང་གི་གྲོས་མོལ་འཐུས་ཚབ་རྣམས་ཀྱིས་རྩ་བ་ནས་དགག་པ་བརྒྱབ་པ་རེད། ཐེངས་དེར་བཙན་བྱོལ་བོད་གཞུང་གིས་དྲན་ཐོ་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བརྡ་ལན་ལེགས་པོ་མ་སྤྲད་པ་ཁས་མི་ལེན་རང་ལེན་བྱུང་ཞིང་། འཐུས་ཚབ་གཉིས་དེར་བློ་ཕམ་ཆེན་པོ་བྱུང་། ཏཱ་ལའི་སྐུ་ཚབ་དོན་གཅོད་གཉིས་ཀྱིས་ཐེངས་འདིར་རྩ་དགོངས་ཞུས་པ་ཡིས་ཏཱ་ལའི་ཡིས་གྲོས་མོལ་བརྒྱུད་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་དང་རྩ་བ་ནས་འགལ་བའི་དྲ་ཐོ་དེ་ཁྱབ་སྤེལ་དང་། བོད་རང་བཙན་ཕྱེད་དང་། རྣམ་པ་འགྱུར་བའི་རང་བཙན་བཅས་བྱེད་པའི་ལམ་བུར་མུ་མཐུད་བསྐྱོད་ཐབས་བྲལ་བ་མཚོན་འདུག
གཉིས་པ། དོན་རྐྱེན་འདིས་ཏཱ་ལའི་ཚོགས་ཁག་ནང་ཁུལ་གྱི་འཐབ་རྩོད་ཛ་དྲག་ཅན་དུ་གྱུར་བ་འགོག་ཐབས་མེད་པ་མཚོན་ཡོད།
སྲིད་གཞུང་བཅོས་མ་དེའི་གསལ་བསྒྲགས་ལ་རྒྱ་རི་སོགས་ཀྱིས་བསྟོད་པ་ཆེན་པོ་བྱས་ཀྱང་། སྲིད་གཞུང་བཅོས་མ་དེའི་མགོ་བ་གསར་བས་རྒྱ་རི་བློར་མི་འབབ་པ་དང་། རྒྱ་རིའི་ལག་ནང་གི་གྲོས་མོལ་དབང་ཆར་སྲེད་ཞེན་སྐྱེ་བཞིན་པ་ཁོ་རང་གིས་སྔོ་མོ་ནས་ཕྱིར་བསྒྲགས་ཟིན་པ་རེད། མགོ་བ་གསར་བས་དབང་ཆ་བཟུང་མ་ཐག ཐོག་མར་བཙན་བྱོལ་བོད་གཞུང་བརྒྱུད་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱི་ལས་གནས་སྔར་རྒྱུན་བཞིན་འཇོག་རྒྱུ་ཡིན་པའི་སྐོར་བསྒྲགས་ན་ཡང་། དེའི་རྗེས་སུ་སླར་ཡང་གྲོས་མོལ་བྱེད་པའི་འཐུས་ཚབ་མི་སྣར་འགྱུར་བ་གཏོང་མིན་གནས་ཚུལ་ལ་བལྟས་ནས་ཐག་གཅོད་དགོས་ཞེས་བཤད་ཅིང་། འདིས་རྒྱ་རི་སོགས་ཀྱི་ལས་གནས་ནི་མགོ་བ་གསར་བ་དེས་ཐག་གཅོད་རྒྱུ་ཡིན་པ་ལས་ཏཱ་ལའི་དང་འབྲེལ་བ་མེད་པ་དང་། མ་འོངས་པར་གལ་སྲིད་ཁོང་གཉིས་ལས་གནས་ལས་ཕུད་ན་ཡང་དེ་ནི་མགོ་བ་གསར་བའི་དབང་ཆ་ཡིན་པ་བསྟན་ཡོད། དེའི་སྐོར་ལ་རྒྱ་རི་ཡི་ལྟ་བ་ཡང་གསལ་བོ་ཡིན་པ་སྟེ། ཁོང་གིས་རང་ཉིད་ནི་ཏཱ་ལའི་ཡི་སྐུ་ཚབ་ཡིན་པ་ལས་བཙན་བྱོལ་བོད་གཞུང་གི་ལས་ཀ་བ་མིན་ཞེས་བཤད་པ་མ་ཟད། ད་དུང་གསལ་བསྒྲགས་ཤིག་སྤེལ་བའི་ནང་ང་ནི་ཏཱ་ལའི་སྒེར་གྱི་སྐུ་ཚབ་ཡིན་ཞེས་དང་། བཀའ་ཤག་གིས་ང་ལ་ལས་གནས་ཤིག་བཀོད་སྒྲིག་བྱས་ཡོད་ཀྱང་ང་རང་དབུས་བོད་ཀྱི་སྒྲིག་འཛུགས་ལས་རྒན་ཡོལ་བྱས་ནས་ཡུན་རིང་ཕྱིན་ཡོད་ཅེས་བསྒྲགས་ཡོད་པ་རེད། ཡིན་ནའང་མགོ་བ་གསར་བ་དེས་རྒྱ་རི་མིག་ནང་ལ་རྩ་བ་ནས་མ་བཞག་པར། གོམ་གང་མདུན་སྤོས་ངང་གལ་སྲིད་ཀྲུང་དབྱང་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་སྔར་བཞིན་ཁས་མི་ལེན་ན། ཏཱ་ལའི་མཚན་སྟེང་ནས་སྐུ་ཚབ་གང་རུང་ཞིག་བསྐོ་བཞག་བྱས་ནས་ཀྲུང་དབྱང་དང་གྲོས་མོལ་བྱེད་ཆོག་ཅེས་བཤད་པ་དང་། ཏཱ་ལའི་ཡི་མཚན་སོགས་དེང་ཕྱིན་ཁོ་རང་གིས་ཅི་དགར་སྤྱོད་ཆོག་པའི་ལྟ་ཚུལ་བཟུང་ཡོད་པ་རེད། དེ་ཡང་གསལ་བོར་བརྗོད་ན། དེང་ཕྱིན་ཀྲུང་དབྱང་སྲིད་གཞུང་དང་མི་གང་རུང་གིས་གྲོས་མོལ་བྱས་ཀྱང་དེ་ནི་མགོ་བ་གསར་བས་མངགས་པ་ལས་རྒྱ་རི་དང་འབྲེལ་བ་མེད་ཅེས་པ་དེ་རེད།
མགོ་བ་གསར་བས་སྲིད་དབང་བཟུང་བ་ནས། ཆབ་སྲིད་ཀྱི་གྲུབ་འབྲས་ཕྱིར་སྟོན་རྒྱུར་བྲེལ་བ་ལངས་ཏེ། ཕྱོགས་གཅིག་ནས་རྒྱལ་ནང་དུ་རང་སྲེག་བྱེད་པར་ངན་སྐུལ་ཇུས་འགོད་བྱས་ནས་སྙིང་རྗེ་བའི་གྲྭ་བ་ཆུང་མང་པོ་མེ་ཕུང་ནང་བརྫངས་པ་དང་། ཏཱ་ལའི་ཚོགས་ཁག་དེ་ཆབ་སྲིད་སྟེང་ནས་དྲག་སྤྱོད་དང་། འཇིགས་སྐུལ་རིང་ལུགས་སུ་བསྒྱུར་བ་དང་། ཕྱོགས་གཞན་ཞིག་ནས་དབང་ཆ་བེད་སྤྱད་དེ་ཏཱ་ལའི་ཚོགས་ཁག་གི་ཆབ་སྲིད་ལྟ་བ་མི་འདྲ་བ་རེ་རེ་རང་གི་ཁོངས་སུ་བཅུག་པ་དང་། དེར་བརྟེན་ནས་ལྟ་བ་མི་འདྲ་བའི་ཚུར་རྒོལ་ཡང་བསླངས་པ་དང་། དེའི་ནུས་པར་དོགས་པ་ཟ་མགོ་བརྩམས་ལ། ཐ་ན་འགའ་ཤས་ཀྱིས་རྩོམ་ཡིག་སྤེལ་ཏེ་ཁོ་མགོ་བར་བདམས་པ་ནི་ལམ་འགྲོ་རྒྱུག་པ་ལས་རང་གི་ནུས་པར་བརྟེན་པ་མིན་པའི་སྐོར་བརྗོད་ཀྱི་འདུག ཟླ་༥ཚེས་༦ཉིན་ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱིས་དཔྱད་བརྗོད་ཅིག་སྤེལ་བའི་ནང་། མགོ་བ་གསར་བ་འདི་དོན་མང་པོའི་ཐད་སྔོན་ལ་རྒྱུག་པར་དགའ་ཞེས་དང་། གྲོས་མོལ་སླར་གསོ་ཡོང་བའི་བཀག་རྒྱ་ཆེན་པོ་ཞིག་ཏུ་འགྱུར་སྲིད་ཅེས་བཀོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ལས་ཀ་སྒྲུབ་བཞིན་པའི་བོད་པ་ཞིག་གིས་རྒྱ་རིས་རྩ་དགོངས་ཞུས་རྗེས། བཙན་བྱོལ་བོད་གཞུང་གིས་དེའི་ཚབ་ཅིག་ཤིན་ཏུ་རྙེད་དཀའ་བའི་སྐོར་བརྗོད་འདུག ང་ཚོས་འདི་ལྟར་བརྗོད་ཆོག་སྟེ། ཀྲུང་དབྱང་དང་མུ་མཐུད་གྲོས་མོལ་བྱེད་དགོས་མིན་དང་། སུ་ཞིག་གིས་གྲོས་མོལ་བྱེད་མིན་སོགས་ཀྱི་སྐོར་ལ་ཏཱ་ལའི་ཚོགས་ཁག་ནང་ཁུལ་འགལ་བས་ཁེངས་ཡོད་པ་རེད།
གསུམ་པ། དོན་རྐྱེན་འདིས་ཏཱ་ལའི་ཡིས་རང་སྡོམ་རང་འགོག་བྱས་པར་བརྟེན་ཆབ་སྲིད་ཀྱི་ལམ་བུ་ཇེ་ཆུང་དུ་གྱུར་བ་མཚོན།
ངོ་འཕྲད་གྲོས་མོལ་གྱི་ངོ་བོ་དང་རྩ་དོན་ཐད་ཀྲུང་དབྱང་སྲིད་གཞུང་གི་ལྟ་བ་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་དང་བརྟན་པོ་ཡིན་ཞིང་། ༢༠༠༨ལོའི་ཟླ་༡༡ཚེས་༡༠ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ནན་གྱིས་བཤད་བཞིན་པ་ནི་ངོ་འཕྲད་གྲོས་མོལ་གྱི་ངོ་བོར་ངོས་ཟིན་ཡང་དག་པ་ཡོད་དགོས་པ་སྟེ། ངོ་འཕྲད་གྲོས་མོལ་བྱེད་ཡུལ་ནི་ཏཱ་ལའི་མི་སྒེར་གྱི་སྐུ་ཚབ་ཡིན་དགོས་ལ། ངོ་འཕྲད་གྲོས་མོལ་གྱི་ནང་དོན་ནི་ཏཱ་ལའི་དང་དེའི་ཉེ་འཁོར་གྱི་མི་རྣམས་ཀྱིས་ཁ་བྲལ་གྱི་ལངས་ཕྱོགས་ཅི་ལྟར་འདོར་རྒྱུ་དང་། རང་གི་ཆབ་སྲིད་མདུན་ལམ་གནད་དོན་ལ་བསམ་བློ་གཏོང་རྒྱུ་དེ་ཡིན་པ་དང་། ངོ་འཕྲད་གྲོས་མོལ་གྱི་གཞི་རྩའི་ཆབ་སྲིད་རྨང་གཞི་ནི་ངེས་པར་དུ་བོད་ནི་གནའ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་རྒྱུ་དེ་ཡིན་ཞེས་བསྟན་ཡོད། སྲིད་གཞུང་རྫུན་མའི་མགོ་བ་གསར་བ་སྲིད་སྟེགས་སུ་བུད་མ་ཐག་ནས་བོད་རང་བཙན་དང་བོད་རང་སྐྱོང་གཉིས་ལ་འགལ་བ་མེད་པ་དང་། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་སྟེང་ནས་བཤད་ན། བོད་རང་བཙན་ནི་རྩ་དོན་དང་དམིགས་ཡུལ་ཡིན་ཞིང་། བོད་རང་སྐྱོང་ནི་དངོས་ཡོད་དམིགས་ཡུལ་ཡིན་པའི་སྐོར་ཡོངས་བསྒྲགས་བྱས། དེ་ནི་ཏཱ་ལའི་ཚོགས་ཁག་གི་དབུ་མའི་ལམ་གྱི་རྒྱབ་ཏུ་སྤས་པའི་རང་བཞིན་དེ་འཛམ་གླིང་ཡོངས་ཀྱིས་ཤེས་སུ་བཅུག་པ་དང་མཚུངས། ད་ཆ་མགོ་བ་གསར་བ་དེས་ཡང་བསྐྱར་མ་འོངས་པར་བཙན་བྱོལ་བོད་གཞུང་གི་འཐུས་ཚབ་མ་གཏོགས་གྲོས་མོལ་བྱེད་མི་ཆོག་པའི་སྐོར་བརྗོད་ཀྱི་ཡོད་ལ། ལྟ་བ་འདི་གཉིས་དང་ཀྲུའུ་ཝེ་ཆུན་གྱིས་ཐེངས་མང་བཤད་པའི་ཀྲུང་དབྱང་གི་རྩ་དོན་དང་ལངས་ཕྱོགས་གཉིས་རྩ་བ་ནས་འགལ་ཡོད་པ་རེད།
ཏཱ་ལའི་ལ་མ་མཐའ་ཡང་ཀྲུང་གོའི་སྲིད་གཞུང་གིས་བསྩལ་བའི་འཇའ་ས་ཞིག་ཡོད་པ་དང་། མིག་སྔར་ཡང་བོད་རང་བཙན་གྱི་དར་ཆ་ཕྱར་མེད་པར་བརྟེན། སྐུ་ཚབ་མངགས་ནས་གྲོས་མོལ་བྱེད་པར་ཀྲུང་དབྱང་སྲིད་གཞུང་གིས་ད་དུང་བཀག་འགོག་བྱེད་ཀྱི་མེད། ད་ལྟ་ཏཱ་ལའི་ལ་རྣམ་པ་འདི་འདྲ་བ་ཡང་མི་དགོས་པར། བཙན་བྱོལ་བོད་གཞུང་གྲོས་མོལ་ནང་ཞུགས་པར་རྒྱབ་སྐྱོར་དང་གང་འདོད་ལྟར་བྱེད་དུ་འཇུག་པ་ནི་དོན་དངོས་སུ་གྲོས་མོལ་ལ་འགོག་རྐྱེན་ཆེན་པོ་བཟོས་པ་ཡིན་པ་མ་ཟད། ད་དུང་རང་གི་ཆབ་སྲིད་ཀྱི་མདུན་ལམ་ཡང་བཀག་པ་རེད། ཏཱ་ལའི་ཡི་འགྱུར་བ་འདི་ལ་ཐ་ན་ནུབ་ཕྱོགས་ཀྱི་བདག་པོས་ཀྱང་ཡོངས་བསྒྲགས་ངང་རྒྱབ་སྐྱོར་བྱེད་ཀྱི་མེད་པ་སྟེ། ད་བར་རྒྱལ་ཁབ་གཅིག་གིས་ཀྱང་ཀྲུང་གོའི་སྲིད་གཞུང་ལ་བོད་ཀྱི་བདག་དབང་མེད་པའི་སྐོར་བཤད་མྱོང་མེད་ལ། རྒྱལ་ཁབ་གང་གིས་ཀྱང་བཙན་བྱོལ་བོད་གཞུང་དང་ཀྲུང་གོའི་སྲིད་གཞུང་བར་གྲོས་མོལ་བྱེད་དགོས་པའི་སྐོར་བརྗོད་མྱོང་མེད་པ་རེད།
ཏཱ་ལའི་ལ་འགྱུར་བ་ཆེ་བ་ནི་ཡོངས་གྲགས་ཡིན་ཏེ། དུས་རབས་གོང་མའི་ལོ་རབས་༩༠བའི་དུས་མགོར་སུའུ་ལེན་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་བྱུང་ནས་རྒྱལ་ཁབ་འགའ་ཤས་འཐོར་ཞིག་ཏུ་སོང་སྐབས། ཏཱ་ལའི་ཡིས་གནས་སྟངས་དེ་ནོར་འཁྲུལ་གྱི་ངོས་འཛིན་བྱུང་ནས་ཁོའི་གོ་སྐབས་སླེབས་བྱུང་སྙམ་ཞིང་། ༡༩༩༣ལོར་ཡོངས་ཁྱབ་ངང་བརྟན་ལྷིང་མིན་པའི་ཀྲུང་གོའི་སྲིད་གཞུང་དང་གྲོས་མོལ་མི་བྱེད་པའི་སྐོར་བསྒྲགས་པ་རེད། མཇུག་མཐར་གནས་སྟངས་ལ་ཁོའི་ངོས་འཛིན་ལྟར་འགྱུར་བ་མ་བྱུང་བར་ཀྲུང་གོར་ཟིང་འཁྲུལ་མ་ལངས་ཤིང་། ལྷག་པར་དུ་འཐོར་ཞིག་ཏུ་མ་སོང་བར་བརྟེན། ཁོས་ཕྱིར་འཁོར་ནས་ཀྲུང་དབྱང་ལ་གྲོས་མོལ་བྱེད་པའི་སྐོར་ཞུ་བ་བྱེད་དགོས་བྱུང་། ཀྲུང་དབྱང་གིས་བློ་ཁོག་ཧ་ཅང་ཡངས་པོ་དང་བཟོད་སྒོམ་ཆེན་པོའི་སྒོ་ནས་༢༠༠༢ལོ་ནས་བཟུང་སླར་ཡང་གྲོས་མོལ་བྱེད་མགོ་བརྩམས་པ་རེད། ༢༠༠༨ལོའི་ཟླ་༡༡པར་ཏཱ་ལའི་ཡི་དྲན་ཐོ་ལ་ཀྲུང་དབྱང་གིས་དགག་པ་བརྒྱབ་རྗེས། ཏཱ་ལའི་ཚོགས་ཁག་གིས་བོད་ཀྱི་མདུན་ལམ་སྐོར་གྱི་དམིགས་བསལ་ཚོགས་ཆེན་འཚོགས་ནས། ཀྲུང་དབྱང་དང་གྲོས་མོལ་བྱེད་མཚམས་འཇོག་རྒྱུ་ཡིན་པའི་སྐོར་ཐེངས་གཉིས་པ་དེ་བསྒྲགས། ཀྲུང་དབྱང་གིས་གནས་ཚུལ་དེ་འདྲའི་འོག་ཏུ་ཡང་གྲོས་མོལ་བྱེད་པའི་སྒོ་མོ་མ་བརྒྱབ་པར་བཟོད་སྒོམ་ངང་ཁོ་ཚོའི་འགྱོད་པ་བྱེད་པར་སྒུག་པ་རེད། ཐེངས་འདིར་སྲིད་གཞུང་རྫུན་མ་དེས་གྲོས་མོལ་བྱེད་པའི་ལས་དོན་ཚུར་བླངས་པ་དེས་དོན་དངོས་སུ་ཐེངས་གསུམ་པར་གྲོས་མོལ་གྱི་སྒོ་མོ་བརྒྱབ་པ་རེད། ཏཱ་ལའི་ཡི་འགྱུར་བ་མང་པའི་གཤིས་ཀར་བལྟས་ན། ཉིན་འགའ་ཤས་རྗེས་སུ་སླར་ཡང་བཤད་སྟངས་གསར་བ་ཞིག་འདོན་པའི་ངེས་པ་ཡོད། མ་འོངས་པར་གྲོས་མོལ་བྱེད་མིན་དང་། གྲོས་མོལ་ལ་འབྲས་བུ་ཐོབ་མིན་གང་ཡང་རུང་། དེ་ནི་ཏཱ་ལའི་ཡིས་ནོར་འཁྲུལ་ཡོ་བསྲང་བྱེད་མིན་ལ་ཐུག་ཡོད་པ་ལས། ཀྲུང་དབྱང་གིས་རང་གི་རྩ་དོན་དང་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་རེ་བ་བཅངས་པ་ནི་སྟོང་བསམ་ཁོ་ན་ལས་མ་འདས། ༡༩༥༩ལོར་ཏཱ་ལའི་ཕྱི་ཕྱོགས་སུ་བྲོས་བྱོལ་བྱས་ནས་ད་བར་ལོ༥༠ལྷག་འདས་ཤིང་། ལོ་༥༠ཡི་རིང་བོད་ལྗོངས་ཉིད་ཀྲུང་གོའི་ཁྱིམ་ཚང་ཆེན་མོའི་ནང་མདུན་དུ་བསྐྱོད་ཅིང་། མུ་མཐུད་མདུན་དུ་བསྐྱོད་རྒྱུ་ཡིན་ལ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་འདི་ནི་སུ་ཡིས་ཀྱང་བསྒྱུར་ཐབས་མེད་པ་ཞིག་ཡིན། ཏཱ་ལའི་ཡིས་ཀྲུང་དབྱང་དང་གྲོས་མོལ་བྱེད་བསམ་མིན་དང་། སེམས་པ་ཚུར་འཁོར་མིན་ནི་ཁོ་དང་ཁོའི་མཐའ་འཁོར་གྱི་མི་རྣམས་ལ་མཚོན་ན་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ལས། ཀྲུང་དབྱང་ལ་མཚོན་ན་དོན་དངོས་སུ་དོན་ཆེན་པོ་ཞིག་མིན་པ་རེད།
