བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདི་ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ནས་བཟུང་ཟླ་གསུམ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟཊ་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་རེད། དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡། ༣༠ བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཟིགས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་སྣ་མང་སྤེལ་ཆེད། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༢ ཉིན་གྱི་སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་དང་། ཕྱི་ཟླ་ ༣ པའི་ཚེས་ ༢༧ ཉིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་པ་ལྟར། ཕྱི་ཟླ་ ༧ ཚེས་ ༦ ཉིན་ནས་མགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།
གསར་འགོད་གསལ་བསྒྲགས་ཐོག་ཐེངས་འདིའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ཚོགས་མི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་རྒྱ་རིགས་མཐར་ལགས་བཅས་ཕེབས་འདུག་ལ། སྐབས་དེར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། "ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་དམར་དྲག་དམག་གིས་དམར་གསོད་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེན་ལེན་ལ་བརྟེན། བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐབས། མྱོང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གཙོས་དུས་རབ་ཉེར་གཅིག་པའི་འགྲོ་བ་མིའི་རིགས་ལ་སྙན་གསན་དང་། སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ་རང་ལུས་མེར་བསྲེགས་གཏོང་མཁན་བར་མེད་དུ་བྱུང་དང་འབྱུང་བཞིན་པར། འདི་ནས་ཀྱང་ཁོང་རྣམ་པའི་ཀུན་ཕན་སེམས་བསྐྱེད་ཀྱི་སྙིང་སྟོབས་དང་མངོན་འདོད་ཇི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འདི་བཞིན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ པའི་ཚེས་ ༦ སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཏེ་མགོ་འཛུགས་བྱ་རྒྱུ་ཡིན། ཞེས་བཀོད་ཡོད་པ་དང་།
ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཁག་ནི། དང་པོ། ཕྱི་ལོ་ ༡༩༥༩ དང་ ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་བྱ་རྒྱུ་དང་། གཉིས་པ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་གནང་རྒྱུ། གསུམ་པ། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་རྒྱུ་བཅས་རེད་ལ། དགོས་འདུན་དེ་དག་བསྒྲུབ་ཆེད་རྒྱ་གར་གཙོས་རྒྱལ་སྤྱིའི་ས་གནས་ཡུལ་གྲུ་སོ་སོར་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་ཨ་རི་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ ཉིན་བརྒྱ་དུས་གཅིག་ཏུ་ཞུ་སྙན་ཕུལ་ཏེ་མཇུག་བསྡོམས་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
ཐེངས་འདིའི་ལས་འགུལ་དེ་འཆར་ཟླའི་ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ཅི་གྲོང་ཁྱེར་ནས་མགོ་འཛུགས་ཀྱིས་གྲོང་ཁྱེར་དང་ས་གནས་ཁག་ ༡༦ དང་། རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་ནས་མགོ་འཛུགས་ཀྱིས་གྲོང་ཁྱེར་དང་ས་གནས་ ༡༨ ། རྒྱ་གར་བྱང་ཤར་ཁུལ་གྱི་ཤི་ལོང་ནས་ས་གནས་ ༡༨ བཅས་སུ་ས་གནས་མགོ་འཛིན་ཡོད་པའི་ས་གནས་ཁག་ཏུ་ས་གནས་མགོ་འཛིན་གྱི་སྣེ་འཁྲིད་རྒྱུ་དང་། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་རུབ་ཀྱིས་སྣེ་འཁྲིད་དེ་ས་གནས་རིམ་པར་རྩིས་སྤྲོད་ཐོག་སྐོར་བསྐྱོད་བྱ་རྒྱུ་ཡིན་འདུག
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱི་ཟླ་ ༩ བའི་ཚེས་ ༢ ཉིན་ནས་བཟུང་མགོ་འཛུགས་བྱས་ཏེ། དོན་གཅོད་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་རུབ་ཐོག་སྐོར་བསྐྱོད་ཀྱིས་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་ས་གནས་ཁག་ཡོངས་ཀྱི་མཚན་རྟགས་གཞི་གཅིག་ཏུ་བསྡུས་རྗེས། ཨ་རིའི་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་ཇི་ནེ་ཝ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ལས་ཁུངས་བཅས་སུ་ཉིན་རྒྱ་དུས་གཅིག་ཏུ་སྙན་ཞུ་དང་མཚན་རྟགས་བཅས་དང་མཉམ་དུ་བདེན་པའི་མེ་ལྕེའི་དཔའ་འབར་རེ་རེ་བཅས་འབུལ་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
དུས་བབ་དྲ་བ།
