ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིན་གྱིས་ཚེས་བཅུ་བདུན་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉུང་ཤོས་ཤིག་གི་མགོ་གཙོས་བོད་འབྲེལ་གནད་དོན་ཐད་ནས་བདེན་རྫུན་གོ་ལྡོག་སྟེ་ཀྲུང་གོ་ཕྱོགས་ལ་གནས་ལུགས་མེད་པའི་སྐྱོན་འཛུགས་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཐ་ཤལ་ཞིག་རེད་ཟེར།
གསར་འགོད་པས་ཉེ་ལམ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏུང་དང་ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་པེ་ཨར་ཏི་གཉིས་ཀྱིས་བོད་འབྲེལ་གནད་དོན་ཐད་ནས་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོའི་བོད་ལྗོངས་ལ་འབྲེལ་བ་ཡོད་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་ག་འདྲ་ཡོད་ཅེས་དྲིས་ཚེ། ཧྭ་ཁྲུང་དབྱིན་གྱིས་བཤད་རྒྱུར། བོད་ལྗོངས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་ལ། ཉེ་ལམ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། ཁ་ན་ཏ་སོགས་རྒྱལ་ཁབ་ཉུང་ཤོས་ཀྱི་མགོ་གཙོས་དོན་དངོས་གཞིར་མི་འཛིན་པར་བོད་འབྲེལ་གནད་དོན་ཐད་ནས་བདེན་རྫུན་གོ་ལྡོག་སྟེ་ཀྲུང་གོ་ཕྱོགས་ལ་གནས་ལུགས་མེད་པར་སྐྱོན་འཛུགས་བྱས་པ་དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་བྱ་སྤྱོད་ཐ་ཤལ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
མོས་བཤད་རྒྱུར། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་ལོ་རེ་གཅིག་གི་རིང་ལ། ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་མང་པོ་རུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་གསལ་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་དུ་ནོར་འཁྲུལ་གྱི་བྱ་སྤྱོད་ཡོ་བསྲང་བྱས་ཏེ། ཀྲུང་གོའི་བདག་དབང་ལ་བརྩི་འཇོག་བྱེད་པ་ལས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དོན་དག་གང་རུང་སྒྲུབ་མི་ཆོག་པའི་རེ་བ་འདོན་བཞིན་ཡོད་ཟེར།