བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོས་སྣེ་ཁྲིད་པའི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་ནང་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ་ལྟར། རྒྱ་གར་གྱི་མངའ་སྡེ་ཇམ་མུ་ནང་མངའ་སྡེ་གཞུང་གི་བློན་ཆེན་སོགས་སུ་མཇལ་འཕྲད་དང་། ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག
ཕྱི་ལོ་༢༠༡༣།༡།༡ ཉིན་རྫོང་དཔོན་ལས་རོགས་ལྕམ་སྐུ་རེ་ན་བྷོ་ཊ་མཆོག་ལ་མཇལ་འཕྲལ་གནང་སྐབས་ཁོང་གིས་སེམས་འགུལ་ལ་སྨན་པའི་བཀའ་མོལ་མང་པོ་གནང་བ་དང་། ལྷག་པར་ས་གནས་འདི་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་འཁེལ་གྱི་ཡོད་པས་སྲུང་སྐྱོབ་དམ་དྲག་ཆེན་པོ་ཡོད་པར་བརྟེན་ཁྲོམ་བསྐོར་སོགས་བྱ་རྒྱུའི་བཀའ་འཁྲོལ་ཐོབ་དཀའ་ཡང་། ལྕམ་སྐུ་མཆོག་གིས་དམིགས་བསལ་ཐུགས་འཁུར་ཆེ་བཞེས་ཀྱིས་བཀའ་འཁྲོལ་ཞུ་ཐོབ་བྱུང་ཡོད་འདུག
ཕྱི་ལོ་༢༠༡༣།༡།༢ ཉིན་གྱི་ཞོགས་པར་ལ་དྭགས་དང་། ཟངས་དཀར་སོགས་ཀྱི་ས་གནས་ངོ་ཡོད་སློབ་ཕྲུག་བརྒྱ་དང་ལྔ་བཅུ་ལྷག་ཅིག་འདུ་འཛོམས་ཀྱིས་གསར་འགོད་གསལ་བསྒྲགས་དང་། གཞུང་ལམ་ཆེན་པོའི་གྲོང་ཁྱེར་ནང་ལག་ཏུ་བོད་ཀྱི་རྒྱལ་དར་དང་། འཕྲེད་དར་སྣ་ཚོགས། ཁ་བཏགས་སོགས་བཟུང་སྟེ་སྐད་འབོད་ཁྲོམ་བསྐོར་བྱས་ཡོད་འདུག

གོང་ཚེས་ཉིན་གྱི་ཕྱི་དྲོར་ཇམ་མུ་མངའ་སྡེ་བློན་ཆེན་ཨོ་མ་རབ་བརྡོལ་ལ་མཆོག་དང་མཇལ། ཁོང་ལ་ཞུ་དགོས་ཀྱི་དོན་གནད་རྣམས་ཡིག་ངག་གཉིས་ཐོག་ནས་ཞུས་བས། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ལ་རང་སྐྱོང་གི་གནས་བབ་རྩོད་ཀྱིན་པ་རྒྱ་ནག་གཞུང་གི་དཔོན་པོ་ཚོས་ཤེས་གསལ་ལྟར་རེད། རྒྱ་ནག་ནང་ཧོང་ཀོང་དང་། ཨོ་མན་སོགས་རང་སྐྱོང་གི་ལམ་ལུགས་ཤིག་ཡོད་བསྡད་ཡོད་པ་རེད། དེ་ཡིན་དུས་ཁོ་རང་ཚོས་ཨུ་ཚུགས་བྱེད་སྟངས་དེ་ལ་ཁོང་ཡ་མཚར་གྱི་འདུག་ཅེས་སོགས་ཁོང་ཉིད་ཀྱིས་གང་ཐུབ་རྒྱབ་སྐྱོར་ཡོད་པའི་བཀའ་མོལ་གནང་།
དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་རྡེ་བན་རྡར་སིན་ར་ན་སོགས་དང་མཇལ་འཕྲལ་ཞུས་ཏེ་བོད་ནང་གི་དཀའ་ངལ་གྱི་གནས་བབ་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས། ཁོང་སོགས་རྒྱ་གར་དཔོན་རིགས་ཁག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་དང་། མགོན་པོ་གང་གི་མཛད་རྗེས་ཡིས་བོད་དོན་ལ་རྒྱབ་སྐྱོར་དང་གཟིགས་སྐྱོང་ཡོད་པའི་དགོངས་ཚུལ་གསུང་བ་དང་། ཁོང་ནས་ཁྱོད་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དཀའ་ལས་བསྐྱོན་པར་བསྔགས་བརྗོད་ཡོད་ཅེས་གསུང་གནས་གནང་སོང་། དགོང་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་སིམ་ལ་ཕྱོགས་སུ་ཐོན་པ་དང་ཕྱི་ཚེས་གསུམ་གྱི་སྔ་དྲོའི་ཆུ་ཚོད་༦།༣༠སྟེང་སིམ་ལར་འབྱོར་ཡོད་འདུག
ཐེངས་འདིའི་ལས་འགུལ་གྱི་སྔ་ཕྱི་གང་ཅིར་བོད་དོན་རྒྱབ་སྐྱོར་བ་བླ་མ་ཆོས་འཕེལ་བཟོད་པས་རོགས་རམ་གང་སར་གནང་བར་ཚོགས་ཆུང་གི་ཚོགས་མི་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།།
བང་ཆེན་དྲ་བ་ནས།
