
དེ་བཞིན་དཔའ་རིས་ས་ཁུལ་སོགས་ཀྱི་བོད་སྐད་ཡིག་གི་ལས་དབང་གཉའ་ཆག་ཉམས་ཤོར་དུ་གྱུར་བའི་སྣང་ཚུལ་ལ་ཡིིད་ཀྱིས་མ་བཟོད་པར།སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་ཞེས་པ་ཞིག་བཙུགས་ཏེ།དང་བླངས་དགེ་རྒན་སྐོང་བསྡུ་བྱས་ནས་ད་ཕན་ཐེངས་བཅུ་བཞི་ལྷག་ལ་གཞི་རིམ་དུ་བསྐྱོད་དེ་སློབ་ཕྲུག་སྟོང་བརྒྱད་དུ་ཉེ་བ་ཞིག་ལ།སོ་སོའི་ཆུ་ཚད་ལྟར་ཡི་གེ་འབྲི་ཀློག་ནས་སུམ་རྟགས་དག་གསུམ་བར་དུ་སློབ་ཁྲིད་བྱས་པས།སློབ་ཕྲུག་ཚོ་དང་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད།
ད་རེས་ང་རང་དང་བླངས་དགེ་རྒན་དུ་བསྐྱོད་ཡུལ་ནི་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་གཞུང་བརྒྱ་སྨྲ་བའི་གཙུག་ཕུད།གཅན་ཚའི་ནང་སྟོད་པ་སེར་བྱེས་བསམ་བློ་ཡེ་ཤེས་རྒྱ་མཚོ་ཞེས་གྲགས་པའི་སྐྱེས་ཆེན་གང་གི་འཁྲུངས་ཡུལ་ཏེ།བ་ཡན་མཁར་གྱི་བྱང་ཕྱོགས་དང་རྨ་ཆུའི་འབབ་རྒྱུད་ཀྱི་རི་མ་ཁུལ་དུ་གནས་པའི་ནང་སྟོད་གྲོང་རྡལ་ཡིན།སྤྱིར་ན་ནང་སྟོད་གྲོང་རྡལ་ནི་གཅན་ཚ་ཉིན་སྲིབ་གཉིས་སུ་ཕྱེས་པའི་སྲིབ་ཏུ་གཏོགས་པ་ཉིན་མོད།ད་ལྟ་དཔའ་ལུང་རྫོང་ཁོངས་སུ་བསྡུས་ཡོད།གནས་འདིར་ཡར་སྔོན་མཁས་པའི་དབང་པོ་གཞན་དྲིང་མི་འཇོག་པ་མང་དུ་བྱོན་ཞིང་།དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན་ཡང་ལུང་ལག་འདིའི་དཀར་མོ་ཕུག་ཅེས་པར་འཁྲུངས་པ་ཡིན།ནང་སྟོད་ཅེས་པར་ཆུ་བོའི་མགོ་ཁུངས་སམ་སྟོད་རྒྱུད་ཀྱི་དོན་ཡོད་པར་རྒྱ་རིགས་མཁས་པ་འགས་གསུངས་འདུག ལུག་མང་སྡེ་བ་ནི་ཐེངས་འདིའི་ང་ཚོའི་གསབ་ཁྲིད་བྱ་ཡུལ་ཡིན་ཞིང་།ནང་སྟོད་གྲོང་རྡལ་གྱི་བྱང་ཤར་ཕྱོགས་ཀྱི་ཨ་ཡེ་བ་དྲས་ཞེས་པའི་གནས་རི་མཐོ་ལ་བརྗིད་ཆགས་པ་ཞིག་གི་མདུན་དུ་གྲོང་གི་རྣམ་པས་ཆགས་ཡོད། གཡས་གཡོན་གཉིས་སུ་བྲག་དམར་ཆུ་དང་བསྐྱིས་ཆུ་ཟེར་བའི་རྫ་ཆུ་གཉིས་ལྷུང་ལྷུང་གིས་བབས་ཏེ་སང་གྷ་རའི་སྡེ་འདབས་ནས་གཅིག་ཏུ་འདྲེས་ཤིང་།ལྷོ་ཕྱོགས་སུ་ཡུན་རིང་རྒྱུགས་ཏེ་མཐར་ཆུ་འཁོར་གྲོང་རྡལ་གྱི་གཡས་ཕྱོགས་བརྒྱུད་ནས་རྨ་ཆུར་འབབ་བཞིན་ཡོད།མདུན་ཕྱོགས་སུ་ཨ་མྱེས་གནམ་ཤིང་ཞེས་པའི་རི་རྒྱུད་བསྟར་ཆགས་ཤིག་གིས་ནང་སྟོད་ཀྱི་ལུང་བའི་ཕུ་མདོ་གཉིས་སྦྲེལ་འདུག འདི་དང་སང་གྷ་ར། ཏིག་རྒྱ་སྡེ་བ་གསུམ་ནི་བྲག་དམར་དགོན་གྱི་ལྷ་སྡེ་ཡིན་ལ།དེ་བྱིངས་ཀྱི་སྡེ་བ་བདུན་ཙམ་ཞིག་བྲག་ལུང་དགོན་པའི་ལྷ་སྡེ་ཡིན། བྲག་དམར་ནི་ཨ་མྱེས་བྲག་དམར་ཞེས་པའི་གཞི་བདག་འདིའི་མིང་ལས་དྲས་པ་གོར་མ་ཆག ཨ་མྱེས་བྲག་དམར་ནི་ལུག་མང་སྡེ་བའི་གཞི་བདག་ཡིན་ཞིང་། གནས་རི་འདི་དེ་འདྲའི་བརྗིད་ཆགས་པ་ཞིག་མིན་ནའང་། ཁོ་ཚོའི་སེམས་ནང་མཐུ་བཙན་དྲག་སྤྱོད་ལ་གོམས་པའི་གཞི་བདག་ཐུ་བོ་ཆེ་ཞིག་ཏུ་གྲུབ་འདུག དེར་མ་ཟད། བྲག་དམར་སྡེ་བའི་བསང་ཡིག་ཅིག་ཏུ་ཨ་མྱེས་བྲག་དམར་ནི་ཕྱག་ཏུ་མདའ་གཞུ་ཐོགས༼མཚམས་རེར་གཤིན་རྗེའི་ཞགས་ཐགས་ཐོགས་པའི་ཤན་པའི་ཚུལ་དུའང་ཡོད་ཟེར༽ཤིང་རྟ་མཆོག་རྐྱང་ངེར་བཅིབས་པའི་སྲིད་པའི་ལྷ་རྒོད་ཅིག་ཡིན་ཞིང་།ཕྱིས་སུ་སློབ་དཔོན་པདྨ་སམ་བྷ་ཝས་བཀས་བསྒོས་ཏེ་དམ་དུ་བཏགས་ཟེར། གལ་སྲིད་བསང་ཡིག་འདི་ལ་སྣོན་འཕྲི་བྱས་མེད་པ་ཡིན་ན་གཞི་བདག་འདི་ནི་དཔྱད་ཞིབ་གཏིང་ཟབ་གཏོང་འོས་པ་ཞིག་ཡིན་པའང་སྨྲས་ཅི་འཚལ། གང་ལྟར་ཨ་མྱེས་བྲག་དམར་ཞེས་པའི་རི་ཆུང་འདི་ནི་ནང་སྟོད་ལུང་པར་ཤུག་སྡོང་ཚང་ཚིང་འཁྲིགས་པའི་གནས་རི་གཅིག་པུ་དེ་ཡིན།ས་གནས་མང་ཚོགས་ཀྱིས་བྲག་དམར་དགོན་ལ་ཏིག་རྒྱ་དགོན་ལས་ཟེར་བཞིན་མེད་སྟབས།ངས་ང་བརྒྱད་ཡར་སྔོན་དགོན་པ་འདིར་གྲྭ་བ་བྱས་མྱོང་པའི་ཨ་ཁུ་ཤེས་རབ་ལགས་ལ་གནས་ཚུལ་འདྲི་དུས།ཁོང་གིས་དགོན་པ་འདིི་ལ་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང།མིང་ངོ་མར༼བྲག་དམར་རི་ཁྲོད་དམ་ཆོས་ཀུན་བདེ་གླིང༽ཟེར་མོད།ཏིག་རྒྱ་སྡེ་འདབས་སུ་ཆགས་པས་དེ་ལྟར་བོས་པ་རེད་ཅེས་དང་།འདི་ནི་ཡུན་རིང་མ་ཕྱིན་པའི་འོལ་ཚོད་ཀྱི་མིང་ཞིག་ཡིན་ལ།ད་ལྟ་དར་རྒྱས་དགོན་ཞེས་པར་ཡང་འགྱུར་བཞིན་འདུག་ཟེར།ཡིན་ནའང་།བྲག་སྒོམ་པས༼ཏིག་རྒྱའི་དགོན་ནམ་བྲག་དམར་དགོན།༽ཞེས་བཀོད་འདུག་པས།དུས་རབས་བཅུ་བདུན་པ་ཙམ་ཞིག་ན་ཏིག་རྒྱ་དགོན་ཞེས་ཀྱང་འབོད་བཞིན་ཡོད་པ་ཐག་ཆོད། ང་བརྒྱད་ཡར་སྔོན་དུ་དགོན་པ་འདིར་གྲྭ་བ༤༣ཡོད་ཟེར་མོད། ད་ལྟ་གྲྭ་བ༡༢ཙམ་གཏོགས་མི་འདུག
ཚེས༡༤ཉིན་གྱི་ཕྱི་དྲོར་ང་ཚོ་དངོས་སུ་ལུག་མང་སྡེ་བར་འབྱོར། སྡེ་བ་འདི་ནི་ཞིང་ལས་གཙོ་གཉེར་གྱི་རོང་སྡེ་ཞིག་རེད།ས་བབས་མཐོ་ལ་རྫ་ཁར་ཆགས་པས་དབྱར་ཁར་ཡང་སྔ་དགོང་གཉིས་ལ་ལྭ་བ་བར་ཚང་ཅན་ཞིག་མ་གྱོན་ན་ཁོང་འདར་ཚོད་མེད་དུ་བརྒྱབ་ཡོང་། མཚམས་རེར་ཞོགས་པའི་སྨུག་པ་ཆུ་ཚོད་བཅུ་བའི་བར་དུ་དྭངས་རྒྱུ་མི་འདུག སྡེ་བ་འདི་ནི་དུད་ཁྱིམ༡༨༠ལྷག་གིས་གྲུབ་པའི་སྡེ་ཆེན་ཞིག་ཡིན་ལ། དུད་ཁྱིམ༢༨ལས་གཞན་ཐམས་ཅད་བོད་ཁྱིམ་ཤ་སྟག་ཡིན་པས། འདི་ནི་མཚོ་ཤར་ས་ཁུལ་གྱི་བོད་སྡེ་གཡག་བརྒྱ་འབྲི་གཅིག་དག་དང་བསྡུར་ན་ཅུང་དམིགས་གསལ་བ་ཞིག་ཡིན་མོད། སློབ་གྲྭ་སོ་སོར་བོད་ཡིག་བསླབ་ཚན་མེད་པའམ། ཡོད་པ་དག་ཀྱང་རྐྱང་ཞོན་རྐྱང་གླུར་གོམས་པས། མཚོ་ཤར་ས་ཁུལ་གྱི་བོད་སྐད་ཡིག་གི་ལས་དབང་ནི་རླུང་ཁའི་མར་མེ་ནང་བཞིན་འཇིགས་ཉེན་གྱིས་དེེད་ནས་ཡོད། ཚེས༡༦ཉིན་ནས་སློབ་ཁྲིད་དངོས་སུ་འགོ་བརྩམས་པ་ཡིན། ཐེངས་འདིའི་སློབ་མ་ལྔ་བཅུ་ང་གསུམ་ལས་སློབ་འབྲིང་སློབ་མ་བརྒྱད་དང་། ཀློག་སློབ་སློབ་མ་བརྒྱད་ལས་གཞན་ཚང་མ་སློབ་ཆུང་སློབ་མ་རེད། ང་ཚོར་ཁང་བ་གཉིས་མ་གཏོགས་མེད་པས། ཁང་བ་གཅིག་དྲ་ཡོལ་གྱིས་བཅད་ནས་ཕྱོགས་གཅིག་ཏུ་ལོ་རིམ་གསུམ་པའི་སློབ་ཁང་དང་ང་ཚོའི་ཉལ་ཁང་གཉིས་གཅིག་ཏུ་བྱས་པ་དང་། ཕྱོགས་གཅིག་ལོ་རིམ་གཉིས་པའི་སློབ་ཁང་བྱས། ཁང་བ་གཞན་གཅིག་ལོ་རིམ་དང་པོའི་སློབ་ཁང་བྱས། དེ་ལས་ཁང་བ་གཞན་བཀོད་སྒྲིག་བྱེད་ཐབས་བྲལ་བས་གསར་ཞུགས་སློབ་ཕྲུག་བརྒྱད་ཀྱིས་ར་སྐོར་ནང་དུ་ཡི་གེ་འབྲི་ཀློག་མི་སྦྱོང་ཀ་མེད་གྱུར། ཏག་ཏག་ཟླ་གཅིག་རིང་གི་བོད་ཡིག་གསབ་ཁྲིད་ཁྲོད།ཞོགས་པའི་སྐྱོར་སྦྱོང་དང་ཕྱི་དྲོའི་སྐོར་བྲོ་ལས་གཞན་ལུས་སེམས་གཉིས་འབད་ཀྱིས་སློབ་ཁྲིད་བྱས་པ་ཡིན་ལ། སློབ་ཕྲུག་ཚོའི་ཉ་མོ་ཆུ་ལ་དུངས་པའི་སྦྱངས་བརྩོན་གྱིས་ང་རང་ཧ་ལས་པར་བྱས་སོང་། རྒྱུ་མཚན་ངའི་ཕ་ཡུལ་གྱི་སློབ་ཆུང་དག་ཏུ་བོད་ཡིག་སློབ་ཁྲིད་ཆག་མེད་དུ་ཡོད་ནའང་། སློབ་ཕྲུག་ཚོས་བོད་ཡིག་ལ་བཟུང་བའི་རྣམ་འགྱུར་འདི་འདྲའི་ཡག་པོ་ཞིག་མི་འདུག ཆེས་མཐའ་མཇུག་གི་ཉིན་མོ་ནི་རིག་རྩལ་རྣམ་པའི་འདུ་ཚོགས་ཤིག་ཡིན་ལ། སྡེ་མི་ཚང་མ་ཕྱོགས་གཅིག་ཏུ་འདུས་ནས་སློབ་ཕྲུག་ཚོའི་སྟངས་སྟབས་མྱུར་བའི་སྐོར་བྲོ་དང་སྙན་ཞིང་འཇེབས་པའི་གླུ་དབྱངས་ལ་མཉམ་དུ་རོལ་མྱོང་བྱས་པ་མ་ཟད། སྡེ་བའི་འགོ་ཁྲིད་དང་ལས་སྣེ་བ། རྒན་པ་བཅས་ནས་ཐེངས་འདིའི་གསབ་ཁྲིད་ལ་སྤྱི་སྡོམ་བྱས། དེ་མིན་ལོ་ན་ཡོལ་བའི་རྒན་པ་འགའ་ནས་བོད་ཀྱི་དམངས་ཁྲོད་གླུ་གཞས་དང་དཔའ་ལུང་ས་ཁུལ་གྱི་ཐུན་མིན་རྩེད་རིག་བཅས་འཁྲབ་སྟོན་བྱས་ནས་ཐེངས་འདིའི་གསབ་ཁྲིད་ལ་རྟེན་འབྲེལ་ཞུས།
ཏག་ཏག་ཟླ་གཅིག་གི་སློབ་ཁྲིད་ནི་དེ་འདྲའི་ཐུང་ཞིང་མྱུར་ནའང་། ཐེངས་འདིའི་གསབ་ཁྲིད་ལས་མྱོང་ཚོར་དང་བསམ་གཞིག་ནི་སྣེ་མང་རྙོག་འཛིང་ཅན་ཞིག་ཏུ་བརྒྱུས་ནས་ཀླད་པར་འཚང་ཡོང་། སློབ་ཁྲིད་ཀྱི་དམིགས་ཡུལ་དེ་དེ་བཞིན་དུ་ལེགས་འགྲུབ་འབྱུང་དགོས་ན། སློབ་ཁྲིད་གྲ་སྒྲིག་ནི་རྒྱུ་རྐྱེན་གཙོ་བོ་ཞིག་དང་། བསླབ་དེབ་ནི་དེ་ལས་ཀྱང་གལ་ཆེ་བ་ཞིག་རེད།བསླབ་དེབ་ཀྱི་སྒྲིག་རིམ་མི་གསལ་བ་དང་། ནང་དོན་མི་འཚམས་པ་ནི་གསར་ཞུགས་སློབ་མ་ཞིག་མཚོན་ན་འབྲོག་པའི་ལག་ཏུ་ཟོར་བ་བཞག་པ་དང་འདྲ་བས། ལོ་དེའི་སྟོན་བསྡུ་ཅི་འདྲ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། བསླབ་དེབ་ཀྱི་གནད་དོན་ནི་ངས་ཐེངས་འདིའི་གསབ་ཁྲིད་ལས་རྙེད་པའི་ཆེད་དམིགས་སྙན་ཞུ་ཞིག་ཡིན། རང་རེས་བཀོད་སྒྲིག་བྱས་པའི་བསླབ་དེབ་གཅིག་རང་ལས་མེད། ཡིན་ནའང་། གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཁྲོད་ཉུང་མཐའ་ཡང་སྡེ་བ་གཅིག་ན་ཆུ་ཚད་མི་འདྲ་བའི་འཛིན་གྲྭ་གཉིས་རེ་བསྡུ་བཞིན་འདུག་པས། ཐོག་མ་ནས་བསླབ་དེབ་ཇི་ལྟར་བཀོལ་མིན་ལ་དཀའ་ཁག་ཡོད་པ། གཉིས་ནས་དབྱངས་གསལ་འབྲི་ཀློག་རྫོགས་མ་ཐག་སུམ་ཅུ་བ་དང་དག་ཡིག་གིི་སྣེ་བཟུང་བ་འདི། ཐ་སྙད་མ་ཁྲིད་པར་ཚིག་གྲུབ་བཟོ་རུ་བཅུག་པ་དང་འདྲ་བ། གསུམ་ནས་རྣམ་དབྱེ་བརྒྱད་ཀྱང་ལྗོངས་ཞིང་ལྔའི་བསླབ་དེབ་ལས་དེ་བཞིན་དུ་བཤུས་པས། ཆེད་དམིགས་བསླབ་དེབ་ཅིག་མ་ཡིན་པ། རྣམ་དབྱེ་རེ་རེའི་དཔེར་བརྗོད་ཉུང་དྲག་པ། སུམ་ཅུ་བ་དང་དག་ཡིག ལེགས་བཤད། གཏམ་རྒྱུད། གཏམ་དཔེ་སོགས་གོ་རིམ་མེད་པར་སྒྲིག་རྐྱང་བྱས་པ་བཅས་ནི་གཞི་རིམ་ས་ཁུལ་དུ་བསྐྱོད་པར་རང་རེས་བསམ་གཞིག་གནད་དུ་མ་ཐིངས་པའི་སྐྱོན་ཆ་ཞིག་རེད་འདོད། རང་རེའི་བྱ་བཞག་འདིའི་མགོ་མཇུག་ཚང་མར་དཀའ་ཁག་ཤིན་ཏུ་ཆེ་མོད།ཕྱིས་སུ་ཆེད་མཁས་མི་སྣ་རྩ་འཛུགས་ཀྱིས་ཚན་རིག་དང་མཐུན་པའི་ཆེད་དམིགས་བསླབ་དེབ་ཅིག་རྩོམ་སྒྲིག་བྱ་ཐུབ་ན་ནི་འབྲས་བུ་དོན་ཐོག་ཏུ་སྨིན་ངེས་སྙམ། དེ་མིན་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཁྲོད་སློབ་སྒྲུབ་ཆ་རྐྱེན་ཞན་དྲག་པས། སློབ་མའི་སྤྲོ་སེམས་ནུས་པ་བསྔོག་འདོན་ལ་བཀག་རྒྱ་ཐེབས་ཡོད་པ་དང་བདེ་ཁག་ལའང་ཁག་ཐེག་བྱེད་ཐབས་བྲལ་སྟེ། གཞི་རིམ་ས་ཁུལ་གྱི་སློབ་ཁང་འགའ་ཞིག་ལོ་མང་བོར་གཞི་སྡོད་མ་བྱས་པའི་ཁང་རྙིང་ཡིན་པས། ཆར་ཞོད་ཆེ་བའི་རི་མ་ས་ཁུལ་འདི་ལྟ་བུར་མཚོན་ན་ཁང་བ་དང་མཁར་གྱང་སོགས་འགྱེད་རྡིབ་ཀྱི་ཉེན་ཁ་ཡོད་པ། ཁྱིམ་བདག་གི་བསམ་བློའི་ཐད་ལའང་ད་དུང་ཡང་རྒྱུས་ལོན་མང་ཙམ་བྱེད་དགོས་ཏེ། དཔའ་ལུང་ས་ཁུལ་དུ་མི་རིགས་སློབ་འབྲིང་གཅིག་མ་གཏོགས་མེད་པས། བོད་ཡིག་སློབ་སྦྱོང་བྱ་དགོས་ན་ངེས་པར་ཏུ་རྫོང་ཐོག་ཏུ་འགྲོ་དགོས། ཡིན་ནའང་། ནང་སྟོད་པ་ཚོས་ཁོ་ཚོའི་ལུང་པར་ཏིག་རྒྱ་སློབ་འབྲིང་ཟེར་བ་ཞིག་ཡོད་པ་ དེར་ཟ་མ་དང་སློབ་ཡོན་རིན་མེད་ཡིན་པར་དམིགས་ཏེ། རང་གི་ཕྲུ་གུ་རྫོང་མི་རིགས་སློབ་འབྲིང་དུ་བསྐྱེལ་བཞིན་མེད། ཡིན་ནའང་། རྒྱའི་འཛིན་གྲྭར་མ་ཞུགས་པ་ཕན་ཆད་ཀྱིས་སློབ་ཆེན་ལ་རྒྱུགས་སྤྲོད་དུས་བོད་ཡིག་ཀྱང་སྤྲོད་དགོས་པས། ལོ་རེའི་མཐོ་རྒྱུགས་ལ་ཞུགས་པའི་དཔའ་ལུང་གི་སློབ་མའི་གྲས་ན་མང་ཆེ་བས་མཐོ་འབྲིང་ལོ་རིམ་དང་པོ་ནས་ད་གཟོད་བོད་ཡིག་སློབ་སྦྱོང་བྱས་པའི་སྣང་ཚུལ་མང་པོ་འདུག་པ་བཅས་ནི་ཕྱི་ནང་གཉི་ཀའི་གནད་དོན་ཞིག་རེད་སྙམ་པས། རྒྱ་ཆེའི་དགེ་སློབ་ཚང་མས་འདི་ཕྱོགས་ལ་ཐུགས་བསམ་གཏིང་ཟབ་ཀྱིས་བྱེད་ཐབས་དམིགས་གསལ་བ་མང་པོ་བེད་སྤྱོད་བྱ་བའི་རེ་བ་ཞུས་པ་ཡིན།

ཐེངས་འདིའི་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གྱི་ཁོངས་མིར་གྱུར་བའི་ཆ་ནས། ཕྲན་ལ་མཐོང་ཐོས་དང་བློ་བསྐྱེད་གང་མང་ཞིག་ཐོབ་པར་ཕྱིར་རྟོག་ཅིག་བྱས་ན། མི་རིགས་སློབ་གསོ་ཞེས་པ་ནི་ངེས་པར་ཏུ་སྤྱི་ཚོགས་འཚོ་བར་ཟབ་ཞུགས་ཀྱིས་རྒྱུས་ལོན་གཏིང་ཟབ་ཅིག་བྱས་ཏེ་ད་གཟོད་གནད་དོན་གང་མང་ཞིག་འཚོལ་ཞིབ་དང་དབྱེ་ཞིབ། ཐག་གཅོད་བཅས་བྱ་དགོས་པར་སྙམ་པ། དེ་མིན་རང་འཁྲིའི་འོས་བབས་ལ་ཁྲལ་མངོན་སླ་ཆོས་མི་བྱེད་པར། གཞི་རིམ་ས་ཁུལ་འདི་དག་གི་སྐད་དང་ཡི་གེའི་གནད་དོན་ལ་མནོ་བསམ་ཡང་ཡང་གཏོང་རྒྱུ་ནི་རང་ཅག་གི་གཟུར་མེད་ཀྱི་འགན་འཁྲི་ཞིག་ཡིན་པ་འཚོ་བ་དངོས་ལས་རྟོགས་པ་དེ་དང་།སླད་ཕྱིན་ཡང་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་རླབས་ཆེན་བྱ་གཞག་གིས་མི་རིགས་སློབ་གསོའི་ལས་དོན་ལ་སྔར་ལས་ལྷག་པའི་གཟི་བྱིན་སྤྲོ་ཐུབ་པའི་སྨོན་འདུན་ཡང་ཞུས་པ་ལགས་སོ།། ཁྲག་རྡོའི་ཟིན་བྲིས་ནས་བླངས།
རྒྱ་ཕྱུག་བསོད་ནམས་ཚེ་བརྟན།

རྒྱ་ཕྱུག་བསོད་ནམས་ཚེ་བརྟན།
སྨྱུག་མིང་། བྱ་གཞུང་གངས་ཉུལ།
དྲ་མིང་། ཁྲག་རྡོ།
ཕ་ཡུལ། མཚོ་ལྷོ་བྱ་མདོ།
ཆེད་ལས། དབྱིན་ཡིག
སྡོད་གནས། མཚོ་སྔོན་མི་རིགས་སློབ་
གྲྭ་ཆེན་མོའི་ཕྱི་སྐད་སློབ་གླིང་། 