
ལྗང་ཁུ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Noel Mamere རྣམ་གཉིས་ནས་རྒྱ་ནག་གཞུང་དང་། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་གནང་རྒྱུར་གྲོས་ཚོགས་ནང་འབོད་སྐུལ་གྱི་གྲོས་འཆར་འདོན་གནང་མཛད་རྒྱུའི་སྐོར་གསར་འགོད་བསྒྲགས་གཏམ་སྤེལ་འདུག གྲོས་འཆར་དེའི་ནང་བོད་རྒྱ་ཞི་མོལ་བསྐྱར་གསོ་གནང་རྒྱུའི་འབོད་སྐུལ་ཙམ་མ་ཟད་། ཧྥ་རེན་སི་དང་ཡོ་རོབ་མཉམ་སྦྲེལ་སྒྲིགས་འཛུགས་ནས་ བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་དགོས་པ་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཧྥ་རེན་སི་གཞུང་ནས་འགན་ཁུར་ཆེ་ཙམ་བཞེས་དགོས་པའི་སྐོར་ཡང་ནན་བརྗོད་གནང་པ་དང་སྦྲགས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དགོས་བ་ཡང་ནན་བརྗོད་གནང་ཡོད་འདུག གྲོས་ཚོགས་ཀྱི་འཐུས་མི་རྣམ་གཉིས་ནས་སྤེལ་བའི་ཟུང་འབྲེལ་གྱི་གསར་འགོད་བསྒྲགས་གཏམ་ནང་། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་དང་། བོད་མིའི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་། ཧྥ་རེན་སི་གཞུང་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མཚོན་པའི་བཞེངས་ཕྱོགས་བསྐྱར་གནོན་ཞུ་དགོས་པའི་ཐོག་ རྒྱ་ནག་གཞུང་ལ་ཤུགས་གནོན་སྤྲོད་རྒྱུའི་འགག་རྩའི་དུས་ལ་སླེབས་ཡོད་པའི་སྐོར་ནན་སྐུལ་གནང་འདུག གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Jean Patrick Gille མཆོག་གིས། བོད་ནང་རང་ལུས་མེར་བསྲེག་གཏོང་བཞིན་པ་དེ་འཚེ་བའི་ལས་འགུལ་མིན་པ་དང་། དེ་ལས་ལྡོག་དེས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གནས་སྟངས་མཚོན་པའི་མཚོན་རྟགས་ཡིན་པ་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།