རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཨ་དཀོན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་བཞུགས་སོ།

དང་པོ་སྐུ་འཁྲུངས་པའི་ཡུལ་དང་ངོས་འཛིན་གནང་ཚུལ་ནི། དཔལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་གནང་བའི་རྟགས་ཡིག་ནང་དོན། སྒྲོལ་མ་ལྷ་ཁང་ནས་བྱང་ཤར་ཕྱོགས་རྟ་ལམ་ལྷོད་པོ་གསུམ་ན་ཁྱིམ་ཚང་འབྲིང་པོ་ཙམ་ལ། ཡབ་བཀྲ་ཤིས་སམ་ཨོ་རྒྱན་མིང་ཅན། ཡུམ་ཆོས་ཀྱི་མིང་ཅན་ལ་ཁྱེའུ་འབྲུག་ལོ་པ་ཞིག་སྣང་དེ་ཉིད་འགྲོ་དོན་རྒྱ་ཆེན་འབྱུང་ཞེས་གསུངས་པ་ལྟར་དུ། ཁམས་རི་བོ་ཆེའི་ཁོངས་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་སྐུ་ཡི་པད་མོ་བཞད་པའི་ཕྱོགས། ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང་།  ཡུམ་ཁ་ལུ་དོན་འགྲུབ་
ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག  སྤྱི་ ལོ་༡༩༤༠ལོར་ཞང་ཚང་གི་ཆུ་ཟངས་འོ་མ་ལྟར་དཀར་པོར་གྱུར་པ་དང་། གཡོག་མོའི་རྨི་ལམ་དུ་ཁང་སྟེང་དུ་གདུགས་བཙུགས་པར་རྨིས་པ་དང་། སྔར་དང་མི་འདྲ་བར་བྱ་རོག་གཉིས་ཀྱིས་རྟག་པར་སྲུང་བའི་ཚུལ་བྱེད་པ་སོགས་ངོ་ མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།  བླ་མ་ཆོས་གྲགས་དང་། ལྷ་དབང་གཉིས་ངོས་ཉུག་ལ་བྱོན་ནས་ངོམ་ཆུ་སྟོད་སྨད་ནས་རྟགས་མཚན་ཅན་གྱི་ཁྱེའུ་འབྲུག་ལོ་པ་བདུན་གྱི་མིང་ཐོ་བླངས།  རྒྱལ་དབང་ཀརྨ་པ་ཀརྨའི་དགོན་ལ་ཕེབས་སྐབས་བླ་མ་ཨ་ཚུལ་གྱིས་ཁྱེའུ་རྣམས་ཀྱི་མཚན་ཐོ་ཕྱག་ཏུ་ཕུལ་ནས་ཡང་སྲིད་གསལ་པོར་ཐུགས་ཐག་གཅོད་རོགས་ཞུས་པས། ཡབ་བཀྲ་ཤིས་རིན་ཆེན་དང་། ཡུམ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་བུ་ལྕགས་འབྲུག་ལོ་པ་དེ་ལ། ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གནང་ནས་ཨ་དཀོན་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།  དེ་ཡི་ཕྱི་ལོར་ཨ་དཀོན་གོང་མའི་གཅུང་ཚུལ་ཁྲིམས་བྱམས་པ་སོགས་བྱོན་ནས། ན་བཟའ་གསོལ་ཞིང་སྤྲུལ་སྐུ་བླུ་ཡོན་ཡུལ་སྲོལ་དང་འཚམས་པར་ཕུལ། ཆུ་ལུག་ལོ་དགུང་ལོ་བཞིའི་ཐོག  ། ཕུན་ཚོགས་བསྟན་འཛིན་དང་། གསེར་ཡིག་རྒན་པོ་དཀོན་མཆོག་ཚེ་དབང་སོགས་ཀྱིས་གདན་འདྲེན་ཞུས་ནས་དགོན་དུ་འབྱོར་སྐབས་སྙན་བརྒྱུད་སྒྲུབ་གྲྭས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གདན་དྲངས་པ་དང་འཛོམས། སྡེ་དགོན་གཉིས་ཀྱིས་ཆིབས་བསུ་དང་སེར་ཕྲེང་། སྒེར་རུ་དཔོན་བསོད་ནམས་རྒྱལ་མཚན་དང་། སྨད་མ་དཔོན་ལུང་རིགས་གཉིས་ཀྱིས་ཆིབས་ཁ་བླངས་ནས་ཕེབས་བསུ་ཞུས། ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ཉིན་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ།  གིང་ནོག་སྤྲུལ་སྐུ་ཀརྨ་ཆོས་ཀྱི་བློ་གྲོས་ཀྱིས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་མཎྜལ་རྒྱས་བཤད་གནང་ཞིང་ཞབས་པད་བསྐལ་པ་རྒྱ་མཚོར་བཞུགས་པའི་བརྟན་བཞུགས་ཕུལ། དགོན་སྡེ་ཁག་དང་བླ་དཔོན་ཁག་སོ་སོ་ནས་རྟེན་འབྲེལ་འབུལ་ཚན་སོ་སོའི་འབྱོར་མཁོས་དང་བསྟུན་པས་གཟེངས་བསྟོད། ཞག་གསུམ་གྱི་རིང་དགྱེས་པའི་སྤྲོ་བསང་དུ་བྲོ་གར་གླུ་བཞས་ཀྱི་དགའ་བ་ཕུན་སུམ་ཚོགས་པས་མཐའ་རྒྱས་རྒྱས་པར་མཛད། དེ་ནས་ཁྲི་སྟོན་གྲུབ་འཕྲོར་དགུང་ན་ཕྲ་བས་རེ་ཞིག་འཁྲུངས་གཞིས་མདའ་རག་ལ་ཕེབས།  དགུང་ལོ་དྲུག་ཐོག་ཚུར་གདན་དྲངས་ནས་བཟུང་དགོན་པར་བཞུགས། བྱིས་པའི་སྐབས་དེར་གསང་སྐུང་མི་ཤེས་པར་གཞན་གྱིས་ཅི་ཞུས་ཐོགས་མེད་དུ་གསུངས་པར་མཛད་པས་ཕལ་ཆེར་ཐིག་པ་སོགས་ངོ་མཚར་བ་མང་ངོ་།  །

   གཉིས་པ་གསན་བསམ་སྨིན་གྲོལ་ནོད་ཚུལ་ནི། དེ་ནས་ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད་སོགས་བྱང་ཆུབ་པར་སྦྱངས་ཤིང་དབང་ལུང་ཁྲིད་སོགས་མང་དུ་ཞུས།  མེ་ཁྱི་ལོར་གྲུ་གུ་བསོད་སྙིང་སྤྲུལ་སྐུའི་མདུན་ནས་ཟླ་བ་དང་པོ་ནས་བཞི་པའི་བར་གདམས་ངག་མཛོད་དབང་ལུང་དང་ཕྱག་ཆེན་རྒྱ་གཞུང་ཞུས། དེ་སྐབས་གསེང་བར་དུ་མཁན་དོན་དམ་ཆོས་མཆོག་མདུན་ནས་སུམ་རྟགས་ཞུས། ས་བྱི་ལོར་ཟླ་བ་བཅུ་པ་ནས་བཟུང་འཛི་སྒར་ཀོང་སྤྲུལ་མདུན་ནས། བཀའ་བརྒྱུད་སྔགས་མཛོད་དབང་ལུང་དང་མ་མགོན་དང་འཁོར་ལྔའི་དབང་ཞུས། ས་གླང་ལོར་གྲུབ་ཆེན་ཀརྨ་ནོར་བུའི་མདུན་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཀོང་སྤྲུལ་བཀའ་འབུམ།  རིན་ཆེན་གཏེར་མཛོད་ཀྱི་ལུང་དང་། ཐེག་དགུའི་མདོ་དབང་སོགས་ཞུས།  ཆུ་སྦྲུལ་ལོར་དྲུང་ཆོས་ཀྱི་རྒྱ་མཚོའི་མདུན་ནས་ཟུར་མང་སྙན་བརྒྱུད་དབང་ཆ་ཚང་དང་། གཏེར་མཛོད་དབང་ཞུས།  རོལ་རྡོར་མདུན་ནས་ཕག་བདེ་རྒྱལ་གསུམ་སོགས་ཀྱི་དབང་ལུང་ཁྲིད་ཀ་ཆ་ཚང་དང་།  ཟུར་མང་སྙན་བརྒྱུད།  རོལ་ རྡོར་ཆོས་སྐོར་སོགས་ཞུས། རྒྱལ་དབང་ཀརྨ་པ་རྒྱ་ནག་ཏུ་ཕེབས་སྐབས་དཔལ་སྤུངས་དགོན་དུ་དགེ་ཚུལ་དང་། བྱང་ཆུབ་སེམས་སྡོམ། མགོན་པོའི་སྲོག་གཏད་རྣམས་ཞུས། དེ་ནས་སྡེ་དགེའི་ཕྱོགས་ལ་བྱོན་ནས་ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་མདུན་ནས་བཀའ་བརྒྱུད་སྔགས་མཛོད་དབང་དང་།   ངེས་དོན་རྒྱ་མཚོའི་ལུང་དང་དོན་ཁྲིད་མཛད་པ་ཞུས།  ཁོང་ལ་རྟོགས་འབུལ་ཞུས་པར་བླ་སློབ་དགོངས་པ་མཉམ་པའི་ཞལ་བཞེས་གནང་། མཁན་པོ་གང་ཤར་མདུན་ནས་མི་ཕམ་མཁས་འཇུག །ངེས་ཤེས་སྒྲོན་མེ། རྒྱུད་བླ་མ་སོགས་ཞིབ་ཁྲིད་ཞུས།   དེལ་མགོ་མཁྱེན་བརྩེའི་མདུན་ནས་ཉིད་ཀྱི་གཏེར་ཁ་ཚེ་སྒྲུབ་ཀྱི་སྐོར་ཞུས། བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་མདུན་ནས་གདམས་ངག་མཛོད་ཀྱི་དབང་སོགས་གསན་བསམ་ཚུལ་བཞིན་ནོད་པར་བྱས་སོ།  །

   གསུམ་པ་འཕགས་ཡུལ་དང་དབྱིན་ཇི་ལ་ཕེབས་པའི་སྐོར།  ས་ཕག  ། སྤྱི་ལོ་ ༡༩༥༩ ལོ་ཕྱི་དར་བསྟན་པ་ལ་ཉམས་ཉེས་དུས་ཟིང་འཁྲུགས་སློང་སྐབས་དཀའ་ཚེགས་ངལ་དུབ་ཆེན་པོའི་སྒོ་ནས་ལྷོ་ཕྱོགས་བརྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱོད།  རིས་མེད་གྲུབ་མཐའ་སྤྱི་ཡི་སྤྲུལ་སྐུའི་སློབ་གྲྭའི་བདག་གཉེར་གཙོ་བོའི་འགན་ཁུར་བཞེས་ཏེ་ལོ་གསུམ་བཞུགས།  ཆུ་ཡོས།  སྤྱི་ ལོ་ ༡༩༦༣ ལོར་དབྱིན་ཇིར་ཟུར་མང་དྲུང་པ་རིན་པོ་ཆེ་དང་ལྷན་དུ་ཕེབས་ཏེ་རྟེན་སྔགས་འཆང་བྱང་སེམས་ཀྱི་ཚུལ་བཟུང་ནས་སྨན་ཁང་ནང་དུ་ལོ་གསུམ་དུ་ཕྱག་ལས་དཀྱུས་མ་ཞིག་གནང་བར་མཛད་དོ།  །

   བཞི་པ་དབྱིན་ཇིར་བསྟན་འགྲོའི་དོན་མཛད་ཚུལ། མེ་ལུག  ། སྤྱི་ལོ་ ༡༩༦༧ ལོར་དྲུང་པ་རིན་པོ་ཆེ་དང་ལྷན་དུ་དབྱིན་ཇིར་ནུབ་ཕྱོགས་ཀྱི་བོད་དགོན་དང་པོ་ བཏབ་ནས་རྟེན་འབྲེལ་གྱི་དབང་གིས་བཀའ་བརྒྱུད་བསམ་ཡས་གླིང་ཞེས་བཏགས།  ལྕགས་ཁྱི།  སྤྱི་ ལོ་ ༡༩༧༠ ལོར་དྲུང་པ་རིན་པོ་ཆེ་ཨ་རིར་ཕེབས་འཕྲལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་ དབྱིན་ཇིར་སྤྱན་དྲངས་སྐབས་དད་ལྡན་མང་པོས་རེ་བསྐུལ་ལ་བརྟེན་ཏེ་བསམ་ཡས་གླིང་ གི་བསྟན་བདག་ཏུ་བཞུགས་དགོས་པའི་བཀའ་ལུང་གནང་།  ཤིང་སྟག  །སྤྱི་ལོ་ ༡༩༧༤ ལོ་ནས་བཟུང་གཟིགས་ཞིབ་དང་ཐུགས་ཁུར་རྒྱ་ཆེར་གནང་སྟེ་གཙུག་ལག་ཁང་གསར་བཞེངས་དང་སྐུ་དང་ཐུགས་ཀྱི་རྟེན་མང་པོ་དང་།  གསུང་རྟེན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་གླེགས་བམ་བརྒྱ་ཕྲག་མང་པོ་དང་།  མ་ཎི་དང་ཡིག་བརྒྱའི་དུང་འཁོར་བཅས་གསར་བཞེངས་གནང་།  ཁྱད་པར་དུ་སྤྱོད་འཇུག  ། རྒྱུད་བླ།  ལམ་རིམ་ཐར་རྒྱན།  གྲུབ་ཆེན་ཏཻ་ལོ་པ་དང་། པཎ་ཆེན་ནཱ་རོ་པའི་རྣམ་ཐར།  མི་ཕམ་མཁས་འཇུག་སོགས་ཆོས་ཚན་མང་པོ་ཞིག་སློབ་སྦྱོང་དུས་ཚོད་དང་བསྟུན་པའི་འཛིན་གྲྭ་གསར་འཛུགས་གནང་བ་དང་།  སྒྲུབ་ ཁང་གསར་འཛུགས་མཛད་དེ་འཇམ་མགོན་ཀོང་སྤྲུལ་གྱི་དཔལ་སྤུངས་སྒྲུབ་ཁང་བཅའ་ཡིག་ ལྟར་ལོ་གསུམ་ཕྱོགས་གསུམ་ཐོག་འཕོ་བ་ནན་སྦྱོང་ལོ་གཅིག་བཅས་བསྡོམས་ལོ་བཞིར་སྒྲུབ་མཐར་སོན་པ་ཡིན། སྒྲུབ་ཐེངས་རེར་རྒྱལ་ཁབ་ཉེར་གཉིས་ནས་ཡོང་བའི་མི་གྲངས་ལྔ་བཅུ་ཙམ་ཡོད། ད་ལྟའི་བར་བསྡོམས་སྒྲུབ་ཐེངས་ལྔ་སོང་ཡོད།  དེའི་ནང་ནས་ལོ་བཅུ་ གཉིས་དང་ལོ་བརྒྱད་ཙམ་སྐུ་མཚམས་བཞུགས་པ་གྲྭ་བཙུན་ཉི་ཤུ་ནང་སྐོར་གྱིས་རང་གི་ཉམས་བཞེས་མཛད་པར་མ་ཟད་གཞན་ལའང་འཆད་སྤེལ་མཛད།  དམ་པ་གླིང་ཞེས་པའི་གླིང་ཕྲན་ཉམས་དགའ་བ་ཞིག་ཉོས་ནས། ལྷོ་ཕྱོགས་ལ་གྲུབ་མཐའ་རིས་མེད་ཀྱི་འཚོགས་ཁང་བསྐྲུན་ནས་དེར་ལོ་ལྔ་རེའི་མཚམས་སུ་རྒྱལ་ཁབ་མང་པོའི་ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པའི་ཆོས་ལུགས་ཁག་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཆོས་ཀྱི་ཟབ་གནད་འཛིན་སྐྱོང་འཆད་སྤེལ་གྱི་བགྲོ་གླེང་ཚོགས་འདུ་བཙུགས་ཤིང་ཉམས་མྱོང་བརྗེ་རེས་མཛད། བྱང་ཕྱོགས་ལ་བུད་མེད་ཀྱི་སྒྲུབ་ཁང་བཙུགས་ནས་དེར་བཞུགས་མཁན་ཉི་ཤུ་ཙམ་ཡོད། གླིང་ཕྲན་ཨ་རང་ཞེས་པར་གྲྭ་པའི་སྒྲུབ་སྡེ་གསར་འཛུགས་གནང་ནས་དེར་སྒྲུབ་ཐེངས་གཉིས་པར་སྒྲུབ་བླ་ཉི་ཤུ་ཡོད།    མི་གྲངས་ལྔ་བཅུ་ནས་བརྒྱ་བར་གྱིས་ལོ་རྟག་པར་སྨྱུང་གནས་ཆ་བརྒྱད་རྒྱུན་འཛུགས་དང།  མ་ཎི་སོགས་ཀྱི་དུང་སྒྲུབ་བཙུགས།  ལོ་རེ་བཞིན་དུས་ཚོད་དང་བསྟུན་ཏེ་སྔོན་འགྲོ་འབུམ་བཞི་འཇོག་མཁན་སྟོང་ཕྲག་གཅིག་ཡས་མས་ལ་བློ་སྦྱོང་དང་སྔོན་འགྲོའི་ཁྲིད་གནང་བ་སོགས་ཀྱི་ཕྱག་ལས་གནང་།

    སྤྱི་ལོ་ ༡༩༨༠ ལོའི་ཟླ་ ༣ པའི་ཚེས་ ༢༧ ཉིན་སྐྱོབ་གསོའི་ཚོགས་པ་སྐྱེ་རྒུ་ཡོངས་ཀྱི་རེ་བ་གསོས་ཞེས་པ་བཙུགས། དེ་ཉིད་ཕྱིས་འཛམ་གླིང་རོགས་པ་ཚོགས་པ་ཞེས་པར་མིང་བསྒྱུར། སྤྱི་ལོ་ ༡༩༩༣ ལོར་ཏཱ་ར་ཚོགས་པ་ཞེས་པ་གསོ་རིག་གི་ཚོགས་པ་བཙུགས། བོད་ཀྱི་སྔོ་སྨན་གྱི་རིགས་འགའ་རྒྱལ་སྤྱིའི་སྨན་གྱི་ཁོངས་སུ་ཚུད་ཐབས་མཛད། ཚོགས་པའི་ལས་དོན་གཙོ་བོ་ནི་སྐྱོབ་གསོ། སློབ་གསོ། འཕྲོད་བསྟེན།  ནང་ཆོས་བཅས་ཀྱི་བྱ་བ་སྒྲུབ་པར་མཛད།  གཙོ་བོ་ནང་བསྟན་ཚོགས་པའི་ལྟེ་གནས་ལས་ཁོངས་དཔལ་བཀའ་བརྒྱུད་བསམ་ཡས་གླིང་དང་།  འཕྲོད་བསྟེན་གསོ་རིག་གི་ཚོགས་པའི་ལྟེ་བ་དབྱིན་ཇི་ཨེ་དན་བྷུ་ར་ལ་བཙུགས་པ་དང་། ཡན་ལག་ཚོགས་པ་གྷི་ལ་སི་སོགས་དབྱིན་ཇིའི་མངའ་འོག་ཏུ་རྫོང་དྲུག་བཙུགས།  དེ་ཡང་ས་ཁྱོན་དང་ཁང་པ་ཆ་ཚང་ལས་བྱེད་མི་སྣ་སོགས་འཐུས་སྒོ་ཚང་བའི་ལས་ཁུངས་ལ་བསམ་ཡས་གླིང་ཟེར།  བསམ་ཡས་གླིང་གི་ཡན་ལག་ལས་ཁུངས་ཁང་པ་གཞི་ཁྱོན་ཆེན་པོ་མིན་པ་ལས་བྱེད་མི་སྣ་ཉུང་ཤས་ལས་མེད་པ་ལ་བསམ་ཡས་རྫོང་ཟེར།  ཁང་པ་གཡར་ཞིང་ལས་བྱེད་མི་སྣ་ཁ་ཤས་ཡོད་པ་ལ་ཚོགས་པ་ཞེས་རིམ་པ་གསུམ་གྱི་དབྱེ་བ་ མཛད། བོད་ནས་ལོ་རེ་བཞིན་སྨན་རམས་པ་རྣམས་ལ་བོད་ལུགས་གསོ་རིག་རྒྱུད་བཞི་ལག་ལེན་ཟབ་སྦྱོང་གི་འཛིན་གྲྭ་བཙུགས་པ་སོགས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་དང་།  ཁྱད་པར་དུ་ནུབ་ཕྱོགས་པ་ཧམ་སེམས་དང་འགྲན་རྩོད་ཕོ་མོའི་ཆགས་སྡང་སོགས་ཀྱིས་སྙིང་ནད་ཅན་དུ་གྱུར་པའི་མི་མང་པོ་ལ་དམིགས་ཏེ་སྨྱོན་པའི་སློབ་གྲྭ་བཙུགས་ཤིང་ཐབས་ མཁས་ཀྱིས་སེམས་ཁམས་གསོ་བའི་སློབ་གསོ་ལོ་བདུན་གྱི་རིང་ལ་གནང་སྟེ་ཕལ་མོ་ཆེ་ནད་ལས་གྲོལ་བར་མཛད་པ་དང་། ཐབས་དེ་སློབ་མ་བཞི་ལ་གནང་། དེ་བཞིས་སྔར་གྱི་སློབ་ཁྲིད་ཀྱི་རིམ་པ་ལྟར་སློབ་མ་སྟོང་ཕྲག་ཙམ་ལ་ཁྲིད་དེ་སྨྱོན་པའི་ནད་བཅོས། ཐབས་ཤེས་འདི་ལ་ནུབ་ཕྱོགས་ཀྱི་སྨན་རམས་པ་རྣམས་ཀྱིས་གཞན་ལ་མེད་པའི་གྲུབ་འབྲས་བཟང་པོ་ཐོབ་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར་ཏོ།  །

    ལྔ་པ་རྒྱལ་ཁབ་གཞན་ལ་བསྟན་འགྲོའི་དོན་མཛད་ཚུལ་ནི།  གཞན་ཡང་དཔལ་བཀའ་བརྒྱུད་བསམ་ཡས་གླིང་གི་ཡན་ལག་ལས་ཁུངས་དང་ཚོགས་པ་རྒྱལ་ཁབ་མང་པོར་བཙུགས་པར་མཛད།  དེ་ཡང་འཛམ་གླིང་རོགས་པ་ཚོགས་པའི་ལྟེ་གནས་ལས་ཁུངས་སུ་སུ་ལན་རྒྱལ་ཁབ་ཏུ་བཙུགས་པ་དང་། ཨ་ལན་བྷྲི་རྒྱལ་ཁབ་ལ་གླིང་གཅིག་དང་རྫོང་གཅིག  །བྷེལ་ཇམ་རྒྱལ་ཁབ་ལ་རྫོང་གཅིག  །ཨོ་རོ་སུའི་རྒྱལ་སར་རྫོང་གཅིག  །མི་རིགས་ནག་པོ་སོ་ཏི་ཨ་ཧྥུ་རི་ཁར་གླིང་གཉིས་དང་རྫོང་གཉིས།  ཟིམ་པབ་ཝེ་རྒྱལ་ཁབ་ཏུ་གླིང་གཅིག་དང་རྫོང་གཉིས།  སུ་སུ་ལན།  ཨ་མེ་རི་ཁ།  ཧོ་ལན་བྷྲི།  པོ་ལན་བྷྲི།  འཇར་མན།  ཨོ་སི་ཐྲ་ལི་ཡ།  སི་པེན།  ཁེ་ན་ཏ།  ཧྥ་རན་སི།  ཨི་ཐ་ལི།  པ་སི་ཁི་སོགས་སྔར་བོད་ནང་པའི་ཆོས་དར་མ་མྱོང་བའི་རྒྱལ་ཁབ་མང་པོར་ཕེབས་ཏེ་ནང་བསྟན།  སྐྱོབ་གསོ།  འཕྲོད་བསྟེན།  སློབ་གསོ་བཅས་ཀྱི་བཀའ་སློབ་དང་ཕྱག་ལས་གནང་སྟེ།  རྒྱལ་ཁབ་བཅོ་བརྒྱད་ཀྱི་ནང་དུ་ནང་བསྟན་ཚོགས་པ་ཆེ་ཆུང་དུ་མ་དང་།  རྒྱལ་ཁབ་བཅུ་བཞིའི་ནང་དུ་སྐྱོབ་གསོའི་ཚོགས་ཆུང་དྲུག་ཙམ་ཡོད།  རྒྱལ་ཁབ་བཅུའི་ནང་དུ་འཕྲོད་བསྟེན་སེམས་གསོ་བ་རིག་པའི་ཚོགས་ཆུང་བཅུ་ཙམ་ཡོད།  རྒྱལ་ཁབ་དེ་རྣམས་ཀྱི་མི་སྣ་རྣམས་ལོ་རེ་བཞིན་མཉམ་འབྲེལ་གྱི་ཚོགས་འདུ་སྤྱི་ཟླ་བརྒྱད་པའི་ནང་ནས་རྒྱལ་ཁབ་རེས་མོས་སུ་འཚོགས་ཤིང་བཀའ་སློབ་དང་བཀོད་སྒྲིག་གནང་ཞིང་བལྟ་སྐོར་ལ་རིམ་བཞིན་ཕེབས།  བྱེ་བྲག་ཆོས་ལུགས།  སྐྱོབ་གསོ།  འཕྲོད་བསྟེན་གྱི་ཚོགས་འདུ་བསམ་ཡས་གླིང་དུ་འཚོགས། ཆོས་ལུགས་ཀྱི་སྟེང་ནས་གྲུབ་འབྲས་སྔར་མེད་པའི་རྒྱལ་ཁབ་མང་པོར་བོད་ནང་པའི་ ཆོས་ལུགས་དར་སྤེལ་མཛད་དེ།  དཔེར་ན་དབྱིན་ཇིའི་རྒྱལ་ཁབ་ཏུ་སྔར་གནམ་བདག་ཆོས་ལུགས་མ་གཏོགས་ནང་པའི་ཆོས་སྒྲུབ་མི་ཆོག་པ་ལ་སྤྱི་ལོ་ ༡༩༨༧  ལོ་ནས་བཟུང་བསམ་ཡས་གླིང་གི་བཀའ་དྲིན་ལ་བརྟེན་ནས།  སྐྱེ་ཤི་སྐབས་ཀྱི་བྱ་བ་དང་།  ཆང་ས་རྒྱག་པ།  སློབ་གྲྭ་སོགས་ལ་བོད་བརྒྱུད་ནང་བསྟན་སློབ་ཆོག་པའི་ཐོབ་ཐང་འདྲ་མཉམ་གྱི་བདག་དབང་ཐོབ།  དེ་ལྟར་བསམ་ཡས་གླིང་གིས་སྒོ་འབྱེད་བྱས་ནས་བཟུང་ཡོ་རུབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ ཁག་གི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒོ་བརྒྱ་ལེགས་པར་ཕྱེས། ཕྱི་རྒྱལ་དུ་བཀའ་བརྒྱུད་པའི་ཆོས་ཚོགས་ཆེ་ཆུང་ཚང་མས་མ་ལྟར་དུ་འཛིན།  སྐྱོབ་གསོ་ཡང་བལ་པོ་ལྟ་བུར་མཚོན་ན་ལོ་རེར་ཟླ་བ་གསུམ་གྱི་རིང་ལ་ཉི་མ་རེར་དབུལ་པོ་མི་གྲངས་བརྒྱ་དང་ལྔ་བཅུ་ནས་སུམ་བརྒྱའི་བར་ལ་བཟའ་བཏུང་སྤྲོད་རྒྱུ་དང་།  ནད་པ་སྨན་ཁང་དུ་སྐྱེལ་རྒྱུ།  དྭ་ཕྲུག་རྣམས་དབྱིན་ཇིའི་སློབ་གྲྭར་ཁྲིད་པ་བཅས་མཛད།  རྒྱ་གར་དུ་བོད་པ་སྐྱབས་བཅོལ་བ་བགྲེས་པོ་རྣམས་ལ་འཚོ་བའི་མཐུན་རྐྱེན་གྱི་རོགས་རམ་བཟོ་བ་དང་། སྨན་བཅོས་ཀྱི་འགྲོ་སོང་གནང་བ།  ཕྲུ་གུ་རྣམས་སློབ་གྲྭར་བསྐྱལ་བའི་སློབ་ཡོན་རོགས་པ་གནང་བ།  སྨན་དངུལ་སྤྲོད་རྒྱུ་བཅས་མཛད་པ་དང་། རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་ཉིན་བདུན་གྱི་རིང་ཉིན་ལྟར་མི་གྲངས་སྟོང་ཕྲག་ཙམ་ལ་འཚོ་བའི་མཐུན་རྐྱེན་སྦྱར་བར་མཛད་པ་དང་།  དབྱིན་ཇི།  བྷེལ་ཇམ།  ཧོ་ལན་བྷྲི།  ཕོ་ལན་བྷྲི།  སོ་ ཏི་ཨ་ཧྥུ་རི་ཀའི་སྤྲང་པོ་རྣམས་ལ་ལྟོ་སྤྲོད་པ་དང་། ཁྱོན་རྒྱ་གར་དང་བལ་ཡུལ་དུ་མི་གྲངས་སུམ་སྟོང་ཙམ་དང་། ཨ་ཧྥེ་རི་ཁ་ཟེམ་པི་ཡ་ལ་མི་ནག་དུད་ཚང་ལྔ་བརྒྱ་ཙམ་ལ་ལྟོ་སྤྲད་དེ་མགོན་མེད་ཟས་ སྦྱིན་ལྟར་བཀྲེས་སྐོམ་གྱི་ནད་ལས་སེལ་ཞིང་སྦྱིན་པའི་ཕྱག་རིང་བརྐྱངས་པ་སོགས་ཕྲིན་ལས་རྒྱ་མཚོའི་ཕ་མཐར་འགོངས་པར་མཛད་དོ། །

    དྲུག་པ་བོད་དུ་བསྟན་འགྲོའི་སྲི་ཞུ་རླབས་ཆེན་མཛད་ཚུལ་ནི།  འཛམ་གླིང་ས་ཡི་སྟེང་ནས་ཆེས་མཐོ་བའི་བོད་གངས་ཅན་ལྗོངས་འདིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་གསོ་གནང་བ་དང་། ཕྱོག  ས་དང་རིས་སུ་མ་ཆད་པའི་ནང་བསྟན་གྱི་བཤད་གྲྭ་གསར་དུ་འཛུགས་པ་དང་འཚོ་བའི་མཐུན་རྐྱེན་སྦྱོར་བ།  དྭ་ཕྲུག་དང་སློབ་ཡོན་གྱི་དཀའ་ཁག་ཡོད་པ་རྣམས་ལ་སློབ་གྲྭ་གསར་དུ་འཛུགས་པ་དང་སློབ་ཡོན་གནང་བ། བཀྲེས་སྐོམ་སྡུག་བསྔལ་ཉམས་སུ་མྱོང་བའི་དབུལ་པོ་ལ་སྤྲང་འགྱེད།  གཉེན་བཤེས་སྐྱབས་རྟེན་མེད་པའི་རྒན་རྒོན་ལ་རྒན་གསོ་ཁང་།  དབང་པོ་སྐྱོན་ཅན་དང་བཟའ་ཟླ་མེད་པའི་བུད་མེད་ལ་རོགས་རམ་གནང་བ། འབྱོར་པ་མེད་པའི་ནད་པ་ལ་སྨན་ཡོན་གནང་བ་དང་ལུང་ཁུག་སྨན་དཔྱད་དཀའ་སར་སྨན་ཁང་ འཛུགས་པ་སོགས་དུས་སྔ་ཕྱི་དང་ཡུན་ལོ་གྲངས་རིང་ཐུང་ཅི་རིགས་པར་རོགས་སྐྱོར་གནང་བར་མཛད།

   དེ་ཡང་ཁྱོན་བོད་ལྗོངས་ས་གནས་བཞི་བཅུ་ཞེ་བདུན་ལ་བཤད་གྲྭ་བརྒྱད།  དགེ་རྒན་སློབ་གྲྭ་གཉིས།  གསོ་རིག་སློབ་གྲྭ་གསུམ།  དྭ་ཕྲུག་སློབ་གྲྭ་ཆུང་འབྲིང་དག་གི་ཕོགས་དངུལ་གནང་བ་དང་།  ས་ཁུལ་ཁག་གཉིས་སུ་དྲོད་ཁང་གཉིས་བསྐྲུན་ནས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་།  བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོར།  སྡེ་དགེ། འདའ་པ། ཆབ་མདོ་སོགས་ནས་ཟབ་སྦྱོང་མཛད་པའི་སློབ་མ་བཞི་བཅུ་ཙམ་ལ་སློབ་ཡོན་དང་ཟས་རིན་ཁང་གླ་བཅས་གནང་།  བོད་ ཀྱི་གསོ་རིག་བརྒྱུད་འཛིན་དང་དར་སྤེལ་ཡོང་བའི་ཆེད་དུ་མཁན་ཆེན་ཚེ་རྣམ་རིན་པོ་ ཆེས་གཙོས་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་མཁས་པ་ཉི་ཤུ་ནས་སུམ་ཅུའི་བར་རྩ་ འཛུགས་བྱས་ནས་དགུན་ཟླ་གསུམ་གྱི་རིང་ལ་རྒྱུད་བཞིའི་འགྲེལ་བ་བརྩམ་རྒྱུ།  མན་ངག་ཟབ་མོའི་སློབ་སྦྱོང་གནང་བའི་མཐུན་རྐྱེན་གྱི་ཕོགས་དངུལ་དང་།  གསོ་རིག་བསྟན་བཅོས་རྣམས་ཀྱི་དཀར་ཆག་བསྒྲིག་རྒྱུ་བཅས་ཀྱི་རོགས་དངུལ་གནང་བར་མཛད་དོ།  །

    སི་ཁྲོན་ཞིང་ཆེན་ལ།  སློབ་གྲྭ་ཞེ་བདུན།  སློབ་མ་གྲངས་སུམ་སྟོང་སོ་དགུ།  བཤད་གྲྭ་བཅོ་ལྔ།  གྲྭ་གྲངས་ཆིག་སྟོང་དགུ་བརྒྱ་དོན་ལྔ།  སྨན་ཁང་བཅུ་གཉིས།  རང་བྱུང་ནགས་རི་དང་འཁོར་ཡུག་སྲུང་སྐྱོབ་ཁག་གསུམ།  རིག་དངོས་སྲུང་སྐྱོབ་ཁག་གཉིས།  རྒན་གསོ་ཁང་གཅིག །འཕྲོད་བསྟེན་སྒོ་བསྟེན་སྨན་ཁང་བཅུ་གཉིས་བཅས་བཙུགས་ཤིང་ཕོགས་དངུལ་དང་འགྲོ་སོང་གནང་བར་མཛད་དོ།  །
མཚོ་སྔོན་ཞིང་ཆེན་ལ།  བཤད་གྲྭ་དྲུག  །བླ་གྲྭ་གྲངས་ལྔ་བརྒྱ་ཉི་ཤུ།  དྭ་ཕྲུག་སློབ་གྲྭ་གཉིས།  སློབ་མ་གྲངས་བཞི་བརྒྱ་ཉེར་བརྒྱད།  བོད་སྨན་གསོ་རིག་འཕྲོད་བསྟེན་སྨན་ཁང་དྲུག །རྒན་གསོ་ཁང་གཉིས། དབུལ་སྐྱོབ་ཁང་གཅིག །རིག་དངོས་སྲུང་སྐྱོབ་ལས་ཁུངས་གསུམ། བོད་ཀྱི་སྨན་རྩ་འདེབས་འཛུགས་རྟེན་གཞི་གཉིས། དབུལ་བཅོས་ཕྱུག་བསྒྱུར་གྱི་ཚལ་ཞིང་དྲོད་ཁང་བཞི་བཅས་ཀྱི་ཕོགས་དངུལ་འགྲོ་གྲོན་དང་རོགས་པ་གནང་བར་མཛད་དོ།  །

    ཀན་སུའུ་ཞིང་ཆེན་ལ།  དྭ་ཕྲུག་སློབ་གྲྭ་གསུམ་དང་།    བོད་སྨན་སློབ་གྲྭ་གཅིག་བཙུགས་པར་རྒྱུན་ཞུགས་སློབ་མ་བརྒྱ་དང་བཞི་བཅུ་ཡོད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྦྱིན་བདག་སོགས་མཛད་དོ།  །
ཡུན་ནན་ཞིང་ཆེན་ལ།  སློབ་གྲྭ་གསུམ་དང་བོད་སྨན་ཆེད་སྦྱོང་འཛིན་གྲྭ་བཅས་བཙུགས་པ་དང་།  སློབ་མ་གྲངས་བཞི་བརྒྱ་བཞི་བཅུའི་འགྲོ་སོང་མ་དངུལ་གནང་ངོ་།  །དབྱི་རིགས་རང་སྐྱོང་ཁུལ་ལ།  སློབ་གྲྭ་གཅིག   །སློབ་མ་གྲངས་གོ་གསུམ་གྱི་འགྲོ་སོང་གནང་བར་མཛད།  མདོར་ན་བོད་ཀྱི་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔ་ལ་མཚོན་ན་སྤྱི་ལོ་ ༡༩༩༠ ལོ་ནས་ ༢༠༡༠ ལོ་བར་རོགས་པ་བྱས་པའི་སློབ་མ་རྐྱང་པ་རགས་རྩིས་བྱས་ན་ ༩༡༡༨ ལྷག་ཙམ་ལ་རོགས་རམ་མཛད་པ་དང་། རོགས་དངུལ་གནང་བ་རགས་རྩིས་བྱས་ན་དམངས་སྒོར་ ༡༧༨༠༩༥༥༢༦ ཙམ་གྱིས་རོགས་རམ་འཛུགས་བསྐྲུན་གནང་བར་མཛད།  དེ་ ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་གན་རྒྱ་ལོ་དྲུག་ནས་བཅུའི་བར་བཞག་སྟེ་ཁ་ དང་བསམ་པ་ཙམ་མ་ཡིན་པར་སྦྱོར་བ་སྐུ་དངོས་ཕེབས་ཤིང་རང་གི་ལག་གིས་གནང་སྦྱིན་ བསྟན་འགྲོའི་དོན་ལ་སྨིན་པར་མཛད་དོ།  །

   གཞན་ཡང་དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཁྲི་འདོན་མཛད་ སྒོའི་བཀོད་སྒྲིག་གི་ཆེད་དུ་བྱམས་མགོན་སི་ཏུ་རིན་པོ་ཆེའི་སྐུ་ཚབ་མཛད་དེ་དཀའ་ངལ་ལ་མ་འཛེམ་པར་རྒྱ་དཀར་ནག་བར་དུ་ལོ་གསུམ་གྱི་རིང་ཆོག་མཆན་དང་།  བྱམས་ མགོན་སི་ཏུ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ། ཁྲི་སྟོན་གྱི་སྟ་གོན་རྣམས་ཡོངས་སུ་གྲུབ་པར་མཛད་ནས་ཁྲི་འདོན་གྱི་མཛད་སྒོ་ གེགས་མེད་ངང་ཡོངས་སུ་གྲུབ་པར་བྱས། རྒྱ་གར་རྡོ་རྗེ་གདན།  རྒྱ་ནག་ཙན་དན་ཇོ་བོ་དང་ཚེམས་གདུང་མཆོད་རྟེན།  བལ་ཡུལ་མཆོད་རྟེན་རྣམ་གསུམ།  བོད་ ཀྱི་ཇོ་ཤཱཀ་རྣམ་གསུམ་སོགས་ཀྱི་མདུན་འབུམ་མཆོད་དང་གྲུབ་མཐའ་རིས་སུ་མ་ཆད་པའི་ དགོན་སྡེ་སོ་སོར་མཆོད་པ་བགྲང་ཡས་ཀྱི་ཚོགས་གསོག་རྒྱ་ཆེར་མཛད།  ཀརྨ་ པ་དང་། ཞྭ་དམར། སི་ཏུ་གསུམ་གྱི་སྐུ་ཕྲེང་རིམ་བྱོན་རྣམས་འཁྲུངས་ཡུལ་དུ་དྲན་རྟེན་དང་འཁྲུངས་ཡུལ་ངོས་འཛིན་གྱི་ཆེད་དུ་མཆོད་རྟེན་དང་སོ་སོའི་ཡབ་ཡུམ་དང་བཅས་པའི་རྡོ་སྐུ་ བཞེངས། རྫ་ཆུ་ཁའི་དཔལ་དགེའི་རྡོ་འབུམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྡོ་ལ་བརྐོ་རྒྱུ་དང་། ས་གནས་ཁག་འགར་རྡོ་ཀ་མ་རུ་པ་ལ་བརྐོས་པའི་གུ་རུ་རིན་པོ་ཆེའི་སྐུ་ཐོག་ཚད་གསུམ་བཞི་ཙམ་བཞེངས་པ་དང་།  ཚ་བ་སྒྲོལ་མ་ལྷ་ཁང་དང་། བཀའ་བརྒྱུད་བསམ་ཡས་གླིང་གཉིས་གཙོས་པའི་ཆོས་སྡེ་དང་། བཤད་གྲྭ། སྒྲུབ་གྲྭ་མང་པོའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་དོ།  ། བདུན་པ་བོད་ཀྱི་རིག་གཞུང་ཉམས་གསོ་མཛད་ཚུལ་ནི།  མཚོ་སྔོན་དང་ཡུལ་ཤུལ་ནས་དཔེ་རྙིང་ཉམས་གསོ་ཚོགས་པ་ཞེས་མཁན་སྤྲུལ་བཅུ་ཕྲག་གསུམ་ཙམ་གྱིས་གནའ་དཔེ་འཚོལ་བསྡུ་ཕྱོགས་སྒྲིག་འགྲེམ་སྤེལ་དང་།  ཁྱད་པར་རིག་གཞུང་གི་སྐོར་དེབ་དུ་མ་པར་སྐྲུན་ཞུ་དག་དང་།  སི་ཁྲོན་ནས་གསོ་རིག་གི་དཔེ་རྙིང་དེབ་ཉི་ཤུའི་སྐོར་དཔར་སྐྲུན་དང་།  སྡེ་དགེ་པར་ཁང་དང་།  དཔལ་ ཡུལ་པར་ཁང་དུ་གསོ་རིག་དཔེ་རྙིང་པོད་དུ་མ་དང་། དུས་མཁྱེན་བཀའ་འབུམ་དང་། ཕག་གྲུའི་བཀའ་འབུམ་སོགས་དཔེ་རྒྱུན་དཀོན་རིགས་པར་ཤིང་ཆིག་ཁྲི་ཉིས་བརྒྱ་ལྷག་ བརྐོས་པ་དང་། གཞན་ཡང་བཀའ་བརྒྱུད་དཔེ་རྙིང་མྱུར་སྐྱོབ་རིག་ཚོགས། བཀའ་བརྒྱུད་རིག་གཞུང་ཕྱོགས་བསྒྲིགས། བཀའ་བརྒྱུད་པའི་མདོ་སྔགས་གཞུང་ཆེན་བརྒྱད། ཕྱག་ཆེན་རྒྱ་གཞུང་དང་བོད་གཞུང་ཕྱོགས་བསྒྲིགས། ཀརྨའི་མཁན་པོའི་བཀའ་འབུམ། ཆགས་མེད་བཀའ་འབུམ། ཀརྨ་པ་རང་བྱུང་རྡོ་རྗེ། ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་བཅས་ཀྱི་བཀའ་འབུམ། ཟབ་མོ་ནང་དོན་གྱི་འགྲེལ་པ་ཕྱོགས་བསྒྲིགས། ཕག་བདེ་རྒྱལ་གསུམ་བེར་ཅན་རྣམས་ཀྱི་ཆོག་གཞུང་དང་རྣམ་བཤད་ཁྲིད་ཡིག་སོགས་ཆ་ཚང་། མགུར་འབུམ་མཛོད་ནག་མ་སོགས་ཕལ་ཆེ་བའི་འགྲོ་སོང་ཡོངས་རྫོགས་དང་འགའ་རེའི་འགྲོ་ གྲོན་ཕྱེད་ཀ་ཙམ་གནང་ནས་གསུང་རབ་མང་པོ་ཉམས་གསོ་མཛད་པ་སོགས་བསྟན་དང་འགྲོ་བ་ སྤྱི་ཡི་དོན་དང་ཁྱད་པར་དུ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ཉམ་ཐག་དབུལ་ཕོངས་རྣམས་ཀྱི་དོན་ལ་བསྟན་འགྲོའི་སྦྱིན་བདག་ཆེན་མོ་གང་ཉིད་ཉིན་མཚན་ལྷོད་མེད་དུ་དཀའ་ཚེགས་ངལ་དུབ་ལ་མི་འཛེམ་པར་རླབས་ཆེན་གྱི་ཕྲིན་ལས་སྒྲུབ་བཞིན་པའོ།  ། བརྒྱད་པ་དམ་པ་མང་པོས་བསྟོད་བསྔགས་དང་གོ་གནས་ཕུལ་བ་ནི།  སྔར་ རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེར་ཐོབ་ཞུས་སྐབས་རྒྱ་ཤོག་ཁ་རིང་ཞིག་གི་ཐོག་ཕྱག་བྲིས་ཕྱག་ཐམ་དང་བཅས་གནང་དོན། བདག་ཆོས་རྗེ་བླ་མའི་ཁྲི་ཚབ་ཡིན་པས། ཉི་མ་མེ་གྲོགས། ཆར་པ་ཆུ་གྲོགས། དེ་ལ་མཐུན་གྲོགས་བྱེད་མི་ཡོད་ན་ཐུགས་བསྐྱེད་སྐྱབས་འཇུག་ནམ་ཡང་མི་བརྗེད། ངན་དགྲ་བྱེད་མི་རྣམས་ལ་ཆོས་སྐྱོང་དྲག་པོའི་བཀའ་ཆད་ཡོད་ཚུལ་གསུངས་ནས་བསྟོད་ སྔགས་བླ་ན་མེད་པ་གནང་། བླ་མ་ཀུན་དགའ་དང་། ཨ་འདར་ཀརྨ་གཉིས་ནས་ཇ་ཚག་བསྟན་འཛིན་རྒྱ་མཚོའི་དུས་རྟ་ཚག་རིན་པོ་ཆེར་ཐོབ་ཞུས་སྐབས་རི་རག་སྒེས་གསུམ་དང་ཁྲི་མཉམ་གནང་། བྱམས་མགོན་སི་ཏུ་པདྨ་དོན་ཡོད་ཀྱིས་གདན་ས་དཔལ་སྤུངས་དགོན་དུ་གདམས་ངག་མཛོད་ དབང་གནང་སྐབས་སྤྲུལ་སྐུ་བདུན་བཅུ་དོན་གྲངས་ཡོད་པའི་ནང་ནས་ཁྲི་ཐོབ་ཆེ་གྲས་ སུ་བཞག །མདོར་ན་དཔལ་རྒྱལ་དབང་ཀརྨ་པ་ཕྲིན་ལས་རྡོ་རྗེས་གཙོས་པའི་མཆོག་དམན་མང་པོས་ བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར་ཡོད། གཞན་ཡང་པཎ་ཆེན་རིན་པོ་ཆེས་བོད་དར་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དུ་བསྐོས།  བོད་ལྗོངས་ནས་རྒྱ་གྲམ་དམར་པོའི་ཚོགས་པའི་ཚོགས་ཞུགས་མི་སྣ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནས་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་གདན་རབས་རྩོམ་སྒྲིག་ཁང་གི་ཆེད་ཞུས་བློ་འདོན་པ། ཡུལ་ཤུལ་ཁུལ་སྙིང་རྗེ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། མཚོ་སྔོན་ཡུལ་ཤུལ་ནས་བོད་ཀྱི་དཔེ་རྙིང་ཉམས་གསོ་ཚོགས་པའི་དབུ་ཁྲིད་མཛད།  ཀན་སུ་ཞིང་ཆེན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་གི་མཚན་འཛིན་དགེ་རྒན་ཆེན་མོ། ཆབ་མདོ་ཁུལ་སློབ་གསོ་ཐེབས་རྩ་ཚོགས་པའི་ལས་བྱེད་སོགས་ཀྱི་མཚན་རྟགས་ཕུལ་བ་བཞེས་ཤིང་དེ་རྣམས་སུ་རོགས་རམ་དང་བཀའ་སློབ་བླ་ན་མེད་པ་མཛད་དོ།  །

    དེ་ལྟར་དགུང་གྲངས་དོན་གཅིག་ཡན་གྱི་རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པ་རྣམ་བཞིའི་ཕྲིན་ ལས་ཟབ་མོས་འཛམ་གླིང་སུམ་གཉིས་ཀྱི་གོ་ལ་ཟླུམ་པོར་ཉི་ཟླའི་འགྲོས་ཀྱིས་བསྐོར་ཏེ་བསྟན་འགྲོར་ཕན་བདེའི་ལེགས་ཚོགས་ཀྱི་འདོད་རྒུའི་གྲུ་ཆར་རྟག་ཏུ་འཇོ་བའི་མགོན་པོ་གང་གི་གསང་གསུམ་མི་ཤིགས་རྡོ་རྗེའི་ཆོས་སུ་བརྟན་ཅིང་ཕྲིན་ལས་འགོག་པ་ མེད་པའི་སྨོན་ལམ་དང་བཅས་རེ་ཞིག་རྫོགས་སོ།  །

[ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།]