ཨི་རག་སྲིད་གཞུང་དམག་གིས་ཨ་ལི་ཁ་ཌ་དྲག་པོའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ཡོད་པའི་ཧྥ་ལུ་རྗ་གྲོང་ཁྱེར་ལ་ཕར་རྒོལ་བྱས་པར་བརྟེན། ས་གནས་ཀྱི་མང་ཚོགས་སྟོང་ཚོ་བརྒལ་བ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་ལི་ཁ་ཌ་དང་འབྲེལ་བ་ཡོད་པའི་དྲག་པོའི་སྒྲིག་
འཛུགས་དང་མནའ་འབྲེལ་ཚོ་ཁག་གིས་ཨི་རག་ནུབ་ཕྱོགས་ཀྱི་ཨན་བྷ་མངའ་སྡེའི་གྲོང་ཁྱེར་ཧྥ་ལུ་རྗ་(Fallujah)བཙན་བཟུང་བྱས་པའི་རྗེས། ཨི་རག་སྲིད་གཞུང་དམག་གིས་གྲོང་ཁྱེར་དེར་གཞི་རྒྱ་ཆེ་བའི་ཕར་རྒོལ་བྱས་པར་བརྟེན། མང་ཚོགས་མང་པོ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།
ཨ་ལི་ཁ་ཌ་དྲག་པོའི་སྒྲིག་འཛུགས་ཀྱིས་བཟུང་བའི་ཨན་བྷ་མངའ་སྡེའི་གྲོང་ཁྱེར་ར་མ་ངྷི་(Ramadi) ཞེས་པར་ཡང་དམག་འཁྲུག་བྱུང་བཞིན་ཡོད་པ་དང་། ཨི་རན་དང་ཨ་རི་གཉིས་ཀྱིས་ཨི་རག་སྲིད་གཞུང་ལ་དམག་དོན་གྱི་རོགས་སྐྱོར་བྱེད་བཞིན་ཡོད་ནའང་། དངོས་སུ་དམག་མི་བཏང་མེད་པ་རེད།
ཧྥ་ལུ་རྗ་ནི་ཨི་རག་གི་ངོས་ནས་བཤད་ན་མཚོན་དོན་ཧ་ཅང་གལ་ཆེན་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ལྷག་པར་དུ་སན་ནི་ཁ་ཆེའི་ངོས་ནས་བཤད་ན་དེ་ལས་ཀྱང་གལ་ཆེ་ཞིང་། ༢༠༠༤ ལོར་ཨ་རིའི་རྒྱབ་སྐྱོར་ཡོད་པའི་དམག་དཔུང་དང་གྱེན་ལོག་ཤོག་ཁག་གི་བར་དུ་གྲོང་ཁྱེར་དེར་དམག་འཁྲུག་རྒྱག་མྱོང་ཡོད་པ་རེད། བང་ཆེན་དྲ་བ་ནས།།