༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨི་ཊ་ལིའི་པོ་མེཡ་ས་གནས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། དེ་རིང་ཕྱི་ཚེས་ ༡༤ ཉིན་ལི་བོར་ནོ་གྲོང་ཁྱེར་དུ་ཞབས་སོར་འཁོད་གནང་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་སྤྲིངས་ཀྱི་སྒོ་ནས་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་བཞིན་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མི་འདྲ་བའི་དབར་ལྟ་གྲུབ་ཀྱི་བཞེད་པ་མི་མཐུན་པ་ཡོད་ཀྱང་དེ་དག་ནི་འཛམ་གླིང་འདིའི་ནང་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་པ་ཞིག་ཡོད་པ་དེ་དག་གི་ཆེད་དགོས་ངེས་ཤིག་ཡིན་པ་བཀའ་གནང་ཞིང་། ཡང་ཆོས་ལུགས་ཁག་གི་གོམས་གཤིས་དང་ལེགས་སྦྱང་མི་འདྲ་བའི་ཁྱད་པ་དེ་ནི་ཡུལ་དུས་ཀྱི་གནས་བབས་ཀྱི་ཐོག་ནས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་བཀའ་གནང་འདུག།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོའི་ཡར་རྒྱས་དང་ཕྱིའི་བདེ་བ་དོན་གཉེར་གཙོ་བཟུང་བྱ་མཁན་དེང་དུས་ཚན་རིག་དང་ནང་སེམས་བརྒྱུད་འདུལ་ཐབས་ཀྱི་ཐོག་ནས་ནང་གི་བདེ་བ་དོན་གཉེར་གཙོ་བཟུང་བྱ་མཁན་ཆོས་ལུགས་དབར་གཞི་རྩའི་འདོད་ཕྱོགས་ལ་ཁྱད་པར་ཡོད་ཀྱང་དེ་གཉིས་འགལ་ཟླ་མིན་པར་མ་ཟད། འཇིག་རྟེན་བདེ་སྐྱིད་ཀྱི་སླད་དེ་གཉིས་ཟུང་འབྲེལ་བྱ་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཨི་ཊ་ལིའི་ཆིབས་བསྒྱུར་འདི་བཞིན་པོ་མཡི་ཡ་ས་གནས་སུ་ཆགས་པའི་རྗེ་ཙོང་ཁ་པའི་ཆོས་ཚོགས་ནས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་ཞིང་། ཆོས་ཚོགས་འདི་ནི་ཡོ་རོབ་ནང་གི་ནང་པའི་ཆོས་ཚོགས་ཆེ་གྲས་ཤིག་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཚོགས་འདིའི་ནང་ནང་ཆོས་སློབ་གཉེར་བྱ་ཡུལ་ཙམ་མིན་པར་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་གཏོང་ཐབས་སུ་ཆོས་ལུགས་འདྲ་མིན་དབར་གྲོས་མོལ་བྱ་ཡུལ་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།

གསར་འགོད་པ་སྐལ་ལྡན་བློ་གྲོས།

གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས།
