དེ་
དེ་ རིང་ བོད་ མི་ མང་ སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ གྲོས་ ཚོགས་ ཚོགས་ དུས་ བརྒྱད་ པའི་ ཉིན་ ༦ པའི་ སྟེང་ ། སྤྱི་ འཐུས་ རྒྱུན་ ལས་ ནས་ ཤེས་ ཡོན་ སྲིད་ བྱུས་ ལག་ བསྟར་ རྟོག་ ཞིབ་ ཚགས་ ཆུང་ ཞིག་ འཛུགས་ དགོས་ པའི་ གྲོས་ ཆོད་ གྲོས་ འཆར་ ཞིག་ གྲོས་ ཚོགས་ ནང་ སྙན་ སྒྲོན་ ཞུས་ མ་ ཐག སྲིད་ སྐྱོང་ བློ་ བཟང་ སེང་ གེ་ མཆོག་ གིས་ དགག་ པ་ བརྒྱབ་ ཡོད་ སྟབས། གྲོས་ འཆར་ དེར་ བགྲོ་ གླེང་ ཐག་ གཅོད་ དགོས་ མིན་ མང་ མོས་ ལྟ་ སྐབས་ སྤྱི་ འཐུས་ ༦ གྱིས་ དགག་ པ་ བརྒྱབ་ པ་ དང་ ། སྤྱི་ འཐུས་ ༢༠ ཡིས་ རྒྱབ་ སྐྱོར་ ཐོབ་ སྟབས་ གྲོས་ འཆར་ དེར་ བགྲོ་ གླེང་ མགོ་ འཛུགས་ གནང་ སོང་ །
སྤྱི་ འཐུས་ བཅུ་ གྲངས་ ཤིག་ དང་ ཤེས་ རིག་ བཀའ་ བློན་ བཅས་ ཀྱིས་ ཕན་ ཚུན་ དོགས་ འདྲི་ དང་ དགོངས་ ཚུལ་ གསུངས་ རྗེས། སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ རྟོག་ ཞིབ་ ཚོགས་ ཆུང་ འཛུགས་ དགོས་ མིན་ ཐོག་ མང་ མོས་ ལྟ་ སྐབས་ སྤྱི་ འཐུས་ ༡༥ ཡིས་ དགག་ པ་ བརྒྱབ་ པ་ དང་ སྤྱི་ འཐུས་ ༡༧ གྱིས་ རྒྱབ་ སྐྱོར་ ཐོབ་ སྟབས། མང་ མོས་ ཐོག་ སྤྱི་ འཐུས་ རྒྱུན་ ལས་ ནས་ ཤེས་ ཡོན་ སྲིད་ བྱུས་ ཐོག་ རྟོག་ ཞིབ་ ཚོགས་ ཆུང་ འཛུགས་ རྒྱུའི་ ཐག་ གཅོད་ གནང་ སོང་ །
སྲིད་ སྐྱོང་ མཆོག་ གིས་ ཐོག་ མ་ གྲོས་ གཞི་ དེར་ དགག་ པ་ རྒྱག་ སྐབས་ གསུངས་ དོན། དེ་ རིང་ གཞུང་ འབྲེལ་ གྲོས་ ཆོད་ གྲོས་ འཆར་ འདི་ ཤེས་ རིག་ ལས་ ཁུངས་ དང་ འཛིན་ སྐྱོང་ ལ་ འབྲེལ་ བ་ ཡོད་ སྟབས། བཀའ་ ཤག་ གིས་ དེ་ སྔོན་ ནས་ མཁྱེན་ པ་ ཡིན་ ན། ཏོག་ ཙམ་ ཐུགས་ ཕན་ སོས་ པ་ ཞིག་ ཡོང་ གི་ རེད་ བསམ་ སོང་ ། དེ་ རིང་ ཧོབ་ དེ་ ཁ་ ལ་ གྲོས་ ཚོགས་ ནང་ གྲོས་ ཆོད་ འདི་ འདྲ་ ཞིག་ སླེབ་ སྐབས། འདི་ བཀའ་ ཤག་ ནང་ ལའང་ གྲོས་ བསྡུར་ ཞིག་ བྱེད་ དགོས་ ཀྱི་ ཡོད་ སྟབས། ག་ འདྲ་ ཞིག་ ཡིན་ ནམ་ བསམ་ ཡོང་ གི་ འདུག དེ་ བཞིན། ཁ་ སང་ ཞི་ ཅིན་ ཕིན་ རྒྱ་ གར་ ལ་ ཕེབས་ པའི་ སྐོར་ ལའང་ དཔལ་ ལྡན་ ཚོགས་ གཙོ་ མཆོག་ གི་ དབུ་ འབྱེད་ གཏམ་ བཤད་ གནང་ ཧོབ་ དེ་ གསུངས་ ཏེ། དེ་ བཞིན་ ལས་ རིམ་ ནང་ བསྒྲིགས་ ནས་ འཁྱེར་ ཡོང་ སྐབས་ མ་ ལེགས་ པ་ ཞིག་ བྱུང་ སོང་ ། བཀའ་ ཤག་ གིས་ གསུངས་ དགོས་ པ་ གསུངས་ རྗེས་ ད་ རེབ་ གྲོས་ ཆོད་ དེ་ འཁྱེར་ ཡོང་ བ་ སྔ་ དྲགས་ པ་ ཡིན་ ན་ ཕྱི་ དྲགས་ པ་ ཡིན་ ན་ ཞུ་ ཚོད་ ཐེབས་ ཀྱི་ མི་ འདུག་ ཞུས་ པ་ ཡིན། དེ་ གང་ ཡིན་ ཟེར་ ན། སྤྱི་ ཡོངས་ ཆབ་ སྲིད་ དང་ འབྲེལ་ བའི་ གནད་ དོན་ དག་ འཛིན་ སྐྱོང་ བཀའ་ ཤག་ གིས་ འགན་ འཁྱེར་ གྱི་ ཡོད་ པ་ མ་ ཟད། དམིགས་ བསལ་ བོད་ རྒྱ་ འབྲེལ་ མོལ་ དང་ འབྲེལ་ བའི་ གནད་ དོན་ དེའི་ འགན་ གཙོ་ བོ་ འཛིན་ སྐྱོང་ གིས་ འཁུར་ བཞིན་ ཡོད་ སྟབས། གཞི་ རྩའི་ གྲོས་ ཆོད་ ག་ རེ་ འཁྱེར་ དགོས་ མིན་ དེ་ གྲོས་ ཚོགས་ ཀྱི་ སྐུ་ དབང་ ཡིན་ ཡང་ ། འཛིན་ སྐྱོང་ ལ་ བཀའ་ བསྡུར་ ཏོག་ ཙམ་ གནང་ བ་ ཡིན་ ན། ང་ ཚོའི་ ཐོག་ ནས་ ཀྱང་ ཞུ་ དགོས་ པ་ དེ་ ཚོ་ སྔ་ ས་ ནས་ གྲ་ སྒྲིག་ བྱ་ རྒྱུར་ ཕན་ ཐོགས་ ཡོང་ གི་ རེད་ བསམ་ སོང་ ། ད་ རེབ་ གྲོས་ ཆོད་ འདིའི་ ཐད། གྲོས་ ཆོད་ ནང་ དུའང་ འཁོད་ འདུག རྟོག་ ཞིབ་ སྡེ་ ཚན་ ཞིག་ བཙུགས་ པ་ རེད། དེ་ ལ་ ཤེས་ རིག་ ལས་ ཁུངས་ ནས་ ཡིག་ ཆ་ ག་ རེ་ དགོས་ ཀྱང་ ཆ་ ཚང་ ཕུལ་ བ་ ཡིན། རྟོག་ ཞིབ་ སྡེ་ ཚན་ དེས་ མཇུག་ བསྡོམས་ ཐུབ་ མ་ སོང་ གསུངས་ འདུག དེ་ ལ་ བརྟེན་ ཏེ་ གྲོས་ ཆོད་ འདི་ འཁྱེར་ ཡོང་ སྟེ་ ཞིབ་ འཇུག་ ཚོགས་ ཆུང་ འཛུགས་ རྒྱུ་ ཡིན་ གསུངས་ སྐབས། ཧོབ་ དེ་ ག་ ལ་ བཀའ་ ཤག་ ལ་ མ་ བདེ་ བ་ ག་ རེ་ ཡོང་ གི་ འདུག་ ཟེར་ ན། བཀའ་ ཤག་ ཐོག་ ནས་ ཤེས་ ཡོན་ སྲིད་ བྱུས་ གང་ ཐུབ་ ཅི་ ཐུབ་ ལག་ བསྟར་ གནང་ གི་ ཡོད་ པ་ མ་ ཟད། དེ་ སྔོན་ གྱི་ གྲོས་ ཚོགས་ ནང་ ལའང་ ཤེས་ ཡོན་ སྲིད་ བྱུས་ དང་ འབྲེལ་ བའི་ ཐོག་ ཤེས་ རིག་ ལས་ ཁུངས་ ལ་ ཕལ་ ཆེར་ དྲི་ བ་ ༡༣༠ མན་ ཙམ་< བསླེབས་ པ་ ཆ་ ཚང་ ལ་ ལན་ འདེབས་ བྱས་ རྗེས། སྤྱི་ འཐུས་ ཁ་ ཤས་ ཀྱིས་ ལན་ ཆ་ ཚང་ འཕྲོད་ སོང་ གསུང་ མཁན་ བྱུང་ སོང་ ། ད་ རེབ་ བཀའ་ ཤག་ ལ་ གྲོས་ བསྡུར་ མེད་ པའི་ ཐོག་ ནས་ གྲོས་ འཆར་ འཁྱེར་ ཡོང་ བ་ འདིས་ སྤྱི་ ཡོངས་ ལ་ བརྡ་ ལན་ གང་ འདྲ་ ཞིག་ འགྲོ་ ཡོང་ ན་ བསམ་ པའི་ སེམས་ འཚབ་ ཅིག་ བྱུང་ སོང་ ། ཞེས་ གསུངས་ སོང་ །
དེའི་ རྗེས་ བོད་ མི་ མང་ སྤྱི་ འཐུས་ ཚོགས་ གཙོ་ སྤེན་ པ་ ཚེ་ རིང་ མཆོག་ གིས་ གསལ་ བཤད་ གནང་ དོན། སྲིད་ སྐྱོང་ མཆོག་ གིས་ ཆབ་ སྲིད་ དང་ འབྲེལ་ བའི་ གནད་ དོན་ འཛིན་ སྐྱོང་ དང་ གོ་ བསྡུར་ མ་ བྱས་ པའི་ ཐོག་ གྲོས་ ཚོགས་ ལས་ རིམ་ ནང་ བཞག་ པ་ མ་ ཟད། གྲོས་ ཚོགས་ ཀྱི་ ལས་ རིམ་ དེའང་ ཧོབ་ དེ་ བསླེབས་ ཡོད་ ཚུལ་ རྗོད་ ཀྱིན་ ཡོད་ ཀྱང་ ། གྲོས་ ཚོགས་ ཚོགས་ སྐབས་ ཀྱི་ ཚོགས་ གཙོའི་ དབུ་ འབྱེད་ གཏམ་ བཤད་ ནང་ ལ་ རྒྱུན་ ལས་ ནང་ ལ་ གོ་ བསྡུར་ དང་ ཐག་ གཅོད་ གང་ བྱུང་ བ་ གཞིར་ བཟུང་ གིས་ ཚེས་ ༡༦ ཉིན་ ལས་ རིམ་ འདི་ ཡོང་ གི་ རེད་ ཅེས་ གསལ་ པོར་ ཞུས་ ཡོད། གྲོས་ ཚོགས་ ཚེས་ ༡༢ ཉིན་ མགོ་ བཙུགས་ ཏེ་ ཉིན་ ༤ ཕིན་ པའི་ རིང་ འཛིན་ སྐྱོང་ ངོས་ ནས་ ཚོགས་ གཙོ་ སྦྲེལ་ པོ་ གཉིས་ ལ་ གྲོས་ ཆོད་ འདི་ མ་ འཇོག་ རོགས། ང་ ཚོར་ གོ་ བསྡུར་ བྱེད་ རོགས་ ཟེར་ མཁན་ གཅིག་ ཀྱང་ བྱུང་ མེད་ སྟབས། ད་ རེབ་ ཀྱི་ གྲོས་ འཆར་ འདི་ ཡང་ གསར་ པ་ གང་ ཡང་ མ་ རེད་ བརྒྱུད་ རིམ་ ཆ་ ཚང་ སྔོན་ གླེང་ ནང་ ཞུས་ ཡོད། སྤྱི་ འཐུས་ རྒྱུན་ ལས་ ཀྱི་ ཆེས་ མཐོའི་ རྟོག་ ཞིབ་ སྡེ་ ཚན་ གྱིས་ ཞིབ་ འཇུག་ བྱེད་ རྒྱུ་ ཡིན་ ཟེར་ ནས་ བརྒྱུད་ ལམ་ ཁག་ ཏུའང་ ཕྱིན་ ཡོད། ཞིབ་ འཇུག་ བྱས་ ན་ གནད་ འགག་ དེ་ འདྲ་ ཆགས་ ཀྱི་ འདུག་ ཟེར་ ནས་ སྤྱི་ འཐུས་ ལ་ ཞུ་ མཁན་ གཅིག་ ཀྱང་ བྱུང་ མ་ སོང་ ། རྩ་ བའི་ ཆ་ ནས་ གྲོས་ ཚོགས་ ཀྱི་ ལས་ རིམ་ ནང་ ག་ རེ་ འཇོག་ མིན་ ཚོགས་ གཙོ་ གཞོན་ གཉིས་ དང་ ཚོགས་ དྲུང་ ལས་ ཁུངས་ ཀྱིས་ སྒྲིག་ གི་ ཡོད་ ཀྱང་ ། གྲོས་ ཆོད་ འདི་ གྲོས་ ཚོགས་ ནང་ ཧོབ་ དེ་ འཁྱེར་ ཡོང་ བའི་ རྒྱུ་ མཚན་ ལ་ བརྟེན་ ཏེ། འཛིན་ སྐྱོང་ གི་ དགོངས་ པ་ བཞེས་ ཕྱོགས་ ཁག་ པོ་ བཟོ་ རྒྱུ་ རེད་ དྲན་ ཡོད་ པ་ མ་ རེད། སྒྲིག་ གཞིའི་ ནང་ ཉིན་ གཅིག་ གི་ སྔོན་ ལ་ ཕུལ་ དགོས་ ཟེར་ བ་ དེ་ འདྲ་ གང་ ཡང་ ཡོད་ པ་ མ་ རེད་ དེ། ཚོགས་ གཙོས་ ཉི་ གཅིག་ གི་ སྔོན་ ལ་ འབུལ་ ཐུབ་ པ་ ཞུ་ རྒྱུ་ ཡིན་ གསུངས་ ཏེ་ ད་ རེབ་ ཕུལ་ མ་ ཐུབ་ པ་ དེར་ དགོངས་ སེལ་ ཞུ་ རྒྱུ་ ཡིན། ད་ ལྟ་ འཛིན་ སྐྱོང་ གིས་ གྲོས་ ཆོད་ འདིར་ འགག་ པ་ རྒྱག་ གི་ ཡོད་ སྟབས། བགྲོ་ གླེང་ གི་ ཆེད་ དུ་ ཚུད་ དང་ མ་ ཚུད་ ལ་ རག་ ལས་ ཡོད་ སྟབས། གལ་ སྲིད་ བགྲོ་ གླེང་ ཁོངས་ སུ་ ཚུད་ པ་ ཡིན་ ན་ བགྲོ་ གླེང་ བྱེད་ དགོས་ སྟབས། སྐབས་ དེར་ འཛིན་ སྐྱོང་ གིས་ གཏན་ འབེབས་ གནང་ མ་ གནང་ དེ་ ཞུ་ ཆོག་ གི་ རེད། གྲོས་ ཆོད་ འདི་ མ་ ཚུད་ པ་ ཡིན་ ན་ དེ་ ག་ རང་ ནས་ འགག་ འགྲོ་ བ་ རེད། ཅེས་ བརྗོད་ སོང་ །
དེའི་ རྗེས་ ཤེས་ རིག་ བཀའ་ བློན་ དངོས་ གྲུབ་ ཚེ་ རིང་ མཆོག་ གིས་ གསལ་ བཤད་ གནང་ དོན། སྤྱི་ ཚོགས་ ནང་ མི་ མང་ པོ་ ཞིག་ གིས་ ཤེས་ ཡོན་ སྲིད་ བྱུས་ ལག་ ལེན་ བསྟར་ ཡོད་ པ་ མ་ རེད་ ཟེར་ མཁན་ ཡོང་ གི་ འདུག ང་ རང་ སྔོན་ མ་ དྲུང་ ཆེའི་ ལས་ ཀ་ བྱེད་ སྐབས་ ག་ འདྲ་ བྱས་ ནས་ གོ་ བ་ ཏག་ ཏག་ ཅིག་ བསླེབས་ ཀྱི་ མེད་ པར་ བསམ་ བློ་ གཏོང་ དུས། གནས་ སྐབས་ འདྲ་ བོ་ གསུམ་ ཆགས་ ཡོང་ གི་ འདུག དང་ པོ་ མགོ་ འཛུགས་ སྐབས་ རྡིག་ སྒྲ་ མང་ པོ་ ཞིག་ བྱུང་ བ་ རེད། ཤེས་ ཡོན་ སྲིད་ བྱུས་ འོག་ སློབ་ མ་ དང་ སློབ་ གྲྭ དགེ་ རྒན་ སོགས་ གྲ་ སྒྲིག་ མང་ པོ་ ཞིག་ གི་ དབང་ གིས་ ཚང་ མས་ ཤེས་ ཡོན་ སྲིད་ བྱུས་ ལག་ བསྟར་ བྱེད་ ཀྱི་ ཡོད་ པའི་ མཐོང་ ཚུལ་ བྱུང་ བ་ རེད། བར་ སྐབས་ ཤེས་ ཡོན་ སྲིད་ བྱུས་ དངོས་ སུ་ ལག་ བསྟར་ གནས་ སྐབས་ ཆགས་ ཡོང་ དུས་ སློབ་ གྲྭ་ སོ་ སོའི་ ནང་ དང་ འབྲེལ་ ཡོད་ དགེ་ རྒན་ ཚོ་ མ་ གཏོགས་ འབྲེལ་ བ་ མེད་ སྟབས། དེར་ ཟང་ ཟིང་ གང་ ཡང་ ཡོད་ པ་ མ་ རེད། དེ་ འདྲའི་ ཆ་ ནས་ མང་ པོ་ ཞིག་ གིས་ ལག་ ལེན་ བསྟར་ བ་ མཐོང་ གི་ མེད་ པ་ མིན་ འགྲོ་ བསམ་ བསམ་ ཞིག་ འདུག དེ་ ནས་ འབྲས་ བུའི་ གནས་ སྐབས་ རེད། ད་ ལྟ་ འབྲས་ བུའི་ ལེའུ་ ཐོག་ གོམ་ པ་ རྒྱག་ གི་ ཡོད་ པ་ རེད། ད་ ལོར་ དཔེ་ སྟོན་ སློབ་ གྲྭའི་ འཛིན་ རིམ་ བཅུ་ པའི་ སློབ་ མ་ ཚོ་ གཞི་ རིམ་ སློབ་ གྲྭ་ ཐོན་ ཡོང་ བ་ རེད།
གཞན་ ཤེས་ ཡོན་ སྲིད་ བྱུས་ ནང་ གི་ གལ་ ཆེ་ ཤོས་ གཅིག་ དགེ་ རྒན་ རེད། དགེ་ རྒན་ ཐོག་ ལ་ ཤེས་ རིག་ ལས་ ཁུངས་ ཀྱིས་ ཤུགས་ ཡོད་ ཚད་ དེ་ བརྒྱབ་ ཡོད། ཤེས་ རིག་ ལས་ ཁུངས་ ངོས་ ནས་ བུམ་ ཐར་ ནང་ དགེ་ རྒན་ འོས་ སྦྱོང་ འགྲོ་ མུས་ ཡིན་ པ་ དང་ ། ཞོར་ དུ་ ས་ ར་ ལའང་ དགེ་ རྒན་ འོས་ སྦྱོང་ འཛུགས་ བཞིན་ པ་ རེད། དགེ་ རྒན་ གྱི་ ཁྱད་ ལས་ ཐོག་ ལའང་ ལག་ དེབ་ དེ་ འདྲ་ བཀྲམས་ ནས་ ལག་ ལེན་ བསྟར་ དགོས་ ཞེས་ བཤད་ ཡོད། དེ་ བཞིན། དགེ་ རྒན་ གྱི་ ཕོགས་ དང་ ལས་ འབོར་ གནས་ སྟངས་ ཐོག་ ཤེས་ ཡོན་ ལྷན་ ཚོགས་ ཀྱི་ ལམ་ སྟོན་ འོག་ ཤེས་ རིག་ ལས་ ཁུངས་ ཀྱིས་ བཀོད་ ཁྱབ་ བཏང་ ཡོད། སློབ་ ཕྲུག་ གི་ གྲངས་ ཚད་ དང་ དགེ་ རྒན་ གྱི་ ལས་ འབོར། སློབ་ ཁྲིད་ བྱེད་ སྟངས་ ཆ་ ཚང་ གསལ་ ཡོད། དེ་ སམ་ བྷོ་ ཊའི་ ལག་ ལེན་ སྟར་ བཞིན་ ཡོད་ པ་ རེད། དེ་ བཞིན། དྷ་ ས་ བོད་ ཁྱིམ་ ཤེས་ ཡོན་ འགན་ འཛིན་ གྱིས་ ཁྱབ་ ཁོངས་ སློབ་ གྲྭ་ ཚང་ མར་ དེ་ ལག་ བསྟར་ དགོས་ ཞེས་ བཀའ་ གནང་ ཚར་ འདུག མ་ སུ་ རི་ ནས་ དེའི་ སྐོར་ ལ་ ཚོགས་ འདུ་ འཚོགས་ བཞིན་ པ་ རེད།
ཤེས་ ཡོན་ སྲིད་ བྱུས་ ཀྱི་ གལ་ ཆེ་ ཤོས་ བསླབ་ གཞི་ རྩ་ འཛིན་ དེ་ རེད། བསླབ་ གཞི་ རྩ་ འཛིན་ ལ་ མཚོན་ ན། ང་ ཚོས་ སྔོན་ འགྲོ་ ནས་ འཛིན་ རིམ་ བཅུ་ གཉིས་ པར་ བཟོས་ ཚར་ ཡོད་ སྟབས། མང་ པོ་ ཞིག་ ལ་ བསླབ་ གཞི་ རྩ་ འཛིན་ གཞིར་ བཟུང་ གིས། དཔེར་ ན། ཚན་ རིག་ དང་ ཨང་ རྩིས་ རིགས་ འཛིན་ གྲྭ་ དགུ་ པ། བཅུ་ པ། བཅུ་ གཅིག བཅུ་ གཉིས་ ཡན་ ལ་ ལག་ ལེན་ བསྟར་ ཐུབ་ ཀྱི་ ཡོད་ པ་ མ་ རེད། དེ་ ཚང་ མས་ མཁྱེན་ གསལ་ རེད། རྒྱ་ གར་ གཞུང་ གི་ སེ་ སྦེ་ ཨད་ སི་ (CBSE) དང་ བསྟུན་ དགོས་ ཀྱི་ ཡོད་ པ་ ཤེས་ ཡོན་ སྲིད་ བྱུས་ ནང་ གསལ་ ཡོད། དེའི་ ཕན་ ཆད་ ནས་ ང་ ཚོས་ གང་ ཐུབ་ ཐུབ་ ཀྱིས་ ལག་ ལེན་ བསྟར་ ནས་ འགྲོ་ བཞིན་ ཡོད།
ད་ དུང་ གལ་ ཆེ་ བ་ གཅིག་ ལ། ཤེས་ ཡོན་ ལྷན་ ཚོགས་ འཛུགས་ དགོས་ པ་ ཞིག་ ཡོད་ པ་ རེད། ང་ ཚོས་ ཤེས་ ཡོན་ ལྷན་ ཚོགས་ དངོས་ སུ་ བཙུགས་ ཏེ་ ཚོགས་ འདུ་ ཐེངས་ གཉིས་ བསྐོང་ ཡོད། སྲིད་ སྐྱོང་ རང་ དངོས་ སུ་ བཅར་ ཏེ་ ལྷན་ ཚོགས་ ཀྱི་ ཚོགས་ གཙོར་ བཀའ་ བློན་ ཁྲི་ ཟུར་ རིན་ པོ་ ཆེ་ རང་ གིས་ གནང་ རོགས་ ཞུས་ པ་ ལྟར་ འགྲོ་ བཞིན་ ཡོད། ང་ རང་ གིས་ བལྟས་ ན་ ཤེས་ ཡོན་ སྲིད་ བྱུས་ ལག་ ལེན་ ཡག་ པོ་ འགྲོ་ བཞིན་ འདུག ད་ ལྟ་ འཛིན་ རིམ་ དྲུག་ པར་ འགྲོ་ རྒྱུ་ དང་ ། བུམ་ ཐར་ གྱི་ ལོ་ བཞིའི་ དགེ་ རྒན་ འོས་ སྦྱོང་ འཐོན་ པ་ ཡིན་ ན། སྣང་ དག་ ཡོད་ པ་ མ་ རེད་ བསམ་ གྱི་ འདུག
གྲོས་ ཚོགས་ ཀྱི་ གྲོས་ འཆར་ ནང་ འཁོད་ ཡོད་ པ་ ལྟར། སློབ་ གྲྭ་ ཚང་ མའི་ ནང་ ཤེས་ ཡོན་ སྲིད་ བྱུས་ ཡིན་ གཅིག་ མིན་ གཅིག་ ལག་ བསྟར་ བྱེད་ དགོས་ གསུངས་ དུས། དཔེར་ ན། བོད་ ཁྱིམ་ སློབ་ གྲྭར་ ཆ་ མཚོན་ ན། ད་ ཕན་ ཤེས་ ཡོན་ ཐོག་ ཞབས་ ཞུ་ ཞུ་ མཁན་ ཆེ་ ཤོས་ ཀྱི་ སྒྲིག་ འཛུགས་ ཤིག་ ཆགས་ ཡོད། ཁོ་ རང་ ཚོའི་ དམའ་ རིམ་ ལས་ བྱེད་ དང་ དགེ་ རྒན་ ནང་ སྤྱི་ ཚོགས་ ནང་ ང་ ཚོས་ ཤེས་ ཡོན་ སྲིད་ བྱུས་ ལག་ བསྟར་ བྱེད་ ཀྱི་ ཡོད་ པ་ མ་ རེད་ ལབ་ ཀྱི་ ཡོད་ པ་ རེད་ ཟེར་ ནས་ ཐུགས་ ཕམ་ གནང་ གི་ འདུག ཁོ་ རང་ ཚོས་ བཤད་ པར་ ཡང་ རྒྱུ་ མཚན་ མེད་ པ་ མ་ རེད། དཔེར་ ན། ཁོང་ ཚོས་ འཛིན་ རིམ་ ལྔ་ པའི་ བར་ བོད་ ཡིག་ བརྒྱུད་ ལམ་ ཐོག་ སློབ་ ཁྲིད་ བྱེད་ བཞིན་ ཡོད། ང་ ཚོ་ སྔོན་ ཐོན་ པ་ ཡིན་ ཞེས་ གསུང་ གི་ འདུག ཤེས་ ཡོན་ སྲིད་ བྱུས་ ནང་ གཞན་ པ་ དང་ མ་ འདྲ་ བ་ ག་ རེད་ ཡོད་ པ་ རེད་ ཟེར་ ན། འཛིན་ རིམ་ བཞི་ པ་ ནས་ སྐད་ ཡིག་ གཉིས་ པ་ དབྱིན་ ཡིག་ སློབ་ ཁྲིད་ དགོས་ གསུངས་ ཡོད་ པ་ རེད། དེ་ ལ་ ང་ ཚོ་ ཏོག་ ཙམ་ ཁྱད་ པར་ འགྲོ་ བཞིན་ ཡོད་ པ་ མ་ གཏོགས། དེ་ མིན་ ཤེས་ ཡོན་ སྲིད་ བྱུས་ ཀྱི་ དགོས་ དམིགས་ ང་ ཚོས་ སྒྲུབ་ ཀྱི་ ཡོད་ གསུང་ གི་ འདུག དཔེར་ ན། ཉེ་ ལམ་ བོད་ ཁྱིམ་ འགན་ འཛིན་ ལྷན་ ཚོགས་ ཚོགས་ སྐབས་ ལྷ་ ལྕམ་ རྗེ་ བཙུན་ པདྨ་ མཆོག་ གིས་ ལ་ དྭགས་ སློབ་ གྲྭ་ མ་ ཡིན་ པའི་ སློབ་ གྲྭ་ གཅིག་ ཆ་ ཚང་ ཤེས་ ཡོན་ སྲིད་ བྱུས་ སྒང་ ལ་ འགྲོ་ རྒྱུ་ ཡིན་ ཞེས་ བཀའ་ གནང་ སོང་ ། དེ་ འདྲ་ ཡིན་ དུས་ ག་ ལེར་ ག་ ལེར་ འགྲོ་ བཞིན་ ཡོད།
ཤེས་ ཡོན་ ལྷན་ ཚོགས་ ཀྱིས་ སློབ་ གྲྭ་ ཁག་ ལྔའི་ ནང་ གཟིགས་ སྐོར་ གནང་ རྒྱུ་ རེད། དཔེ་ སྟོན་ སློབ་ གྲྭ་ དང་ དྷ་ ཤོད་ སློབ་ གྲྭ། མ་ སུ་ རི་ ཁྱབ་ ཁོངས་ ར་ ཇི་ སྤུར་ སློབ་ གྲྭ མ་ སུ་ རི་ བོད་ སློབ་ འཛིན་ ཚོགས་ སློབ་ གྲྭ་ བཅས་ སློབ་ གྲྭ་ ཁག་ ༥ ནང་ ཉིན་ ༡༠ རིང་ མཁས་ དབང་་ གཟིགས་ སྐོར་ གནང་ སྟེ་ དགེ་ སྐྱོན་ སྐོར་ ལ་ མཁས་ པའི་ སྙན་ ཐོ་ ཞིག་ འཐོན་ ཡོང་ གི་ རེད། སྙན་ ཐོར་ དེར་ གཟིགས་ རྗེས། འཛིན་ སྐྱོང་ གིས་ ག་ རེ་ གནང་ དགོས་ མིན་ དང་ སློབ་ གྲྭ་ མང་ དུ་ གཏོང་ དགོས་ མིན་ ཐོག་ ག་ རེ་ ཡག་ མིན་ གོམ་ པ་ གནང་ ན། སྲིད་ བྱུས་ཚོསཀྱི་ དགོངས་ དོན་ གཙོ་ བོ། ༧གོང་ ས་ མཆོག་ གི་ དགོངས་ གཞི་ ལྟར་ བྱིས་ པ་ ཚོས་ འདབ་ གཤོག་ གཉིས་ ལྡན་ གྱི་ བོད་ པ་ བཟང་ པོ་ བསྐྲུན་ རྒྱུ་ དེ་ རེད། སློབ་ གྲྭ་ ཚང་ མས་ དམིགས་ བསལ་ དེ་ བཞག་ དགོས་ པ་ རེད། དམིགས་ ཡུལ་ དེ་ འགྲུབ་ པར་ ཤེས་ ཡོན་ སྲིད་ བྱུས་ ལག་ བསྟར་ གནང་ བའི་ སློབ་ ཕྲུག་ ཚོར་ གཟིགས་ དགོས་ ཀྱི་ ཡོད། དེ་ མིན་ གྲོས་ ཚོགས་ ནང་ གཏན་ འབེབས་ གནང་ བ་ དེ་ ག་ རང་ སློབ་ གྲྭ་ ཚང་ མའི་ ནང་ མཐུན་ རྐྱེན་ དང་ གྲ་ སྒྲིག་ ཡོད་ མེད་ ལ་ མ་ བལྟས་ པར་ གནང་ དགོས་ པའི་ བཀའ་ གནང་ བར་ མ་ འགྲིག་ པ་ མེད་ ཀྱང་ ། དོན་ དངོས་ ག་ ཚོད་ ཕན་ གྱི་ ཡོད་ མེད་ ཀྱི་ བསམ་ ཚུལ་ ཞུས་ པ་ ཡིན། ཞེས་ གསུངས་ སོང་ །
སྤྱི་ འཐུས་ རྒྱུན་ ལས་ ཀྱི་ གྲོས་ ཆོད་ གྲོས་ འཆར་ ནང་ འཁོད་ དོན། བཙན་ བྱོལ་ བོད་ མིའི་ གཞི་ རིམ་ ཤེས་ ཡོན་ སྲིད་ བྱུས་ གཏན་ འབེབས་ ཀྱིས་ ལོ་ མང་ སོང་ བས། སྲིད་ བྱུས་ འདི་ བཞིན་ བཙན་ བྱོལ་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ སློབ་ གྲྭ་ ཁག་ ཡོངས་ ལ་ ལག་ བསྟར་ ཇི་ ཙམ་ འཁེལ་ ཐུབ་ ཀྱི་ ཡོད་ མེད་ དང་ སློབ་ གྲྭ་ ཁག་ གི་ སྤྱི་ ཡོངས་ ཀྱི་ གནས་ སྟངས་ ལ་ བསྐྱར་ ཞིབ་ མཐིལ་ ཕྱིན་ བྱས་ ཏེ། མ་ འོངས་ ཕུགས་ རྒྱང་ རིང་ པོར་ བཙན་ བྱོལ་ བོད་ མིའི་ ཤེས་ ཡོན་ སྡེ་ ཚན་ ཡོངས་ རྫོགས་ ཤེས་ ཡོན་ སྲིད་ བྱུས་ གཅིག་ གི་ འོག་ འགྲོ་ ཐབས་ ཀྱི་ ལམ་ སྟོན་ ཚད་ ལྡན་ ཞིག་ གཏན་ འབེབས་ དགོས་ སྟབས། སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ སྒྲིག་ གཞིའི་ དགོངས་ དོན་ ཤེས་ ཡོན་ རྟོགས་ ཞིབ་ ཚོགས་ ཆུང་ ཞིག་ ཆེད་ འཛུགས་ ཀྱིས་ ཞིབ་ འཇུག་ གི་ གྲུབ་ དོན་ སྐབས་ བཅོ་ ལྔ་ པའི་ བོད་ མི་ མང་ སྤྱི་ འཐུས་ ལྷན་ ཚོགས་ གྲོས་ ཚོགས་ ཚོགས་ དུས་ ༡༠ པའི་ ཐོག་ འཁྱེར་ ཡོང་ དགོས། ཞེས་ འཁོད་ འདུག
དུས་བབ་དྲ་བ་ནས།།
