ལོ་འདིར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ སློབ་གྲྭ་ཁག་༡༦ གི་སློབ་ཕྲུག་༡༥༣༥ ཡིག་རྒྱུགས་ནང་ཞུགས་ཏེ། རྒྱུགས་འཕྲོད་པ་སློབ་ཕྲུག་༡༣༣༡ བྱུང་བའི་སྤྱི་ཡོངས་ཀྱི་བརྒྱ་ཆ་༨༦.༧༡ ཡིན་སྐོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་གྲོས་ཚོགས་ནང་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཏེ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༨ པའི་ཞོགས་པར།གྲོས་ཚོགས་ནང་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་ཁག་ཅིག་གཏན་འབེབས་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས། ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡ ནས་ཕྱི་ལོ་༢༠༡༤ ཟླ་༣ ཚེས་༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་རྗེས། ལས་བསྡོམས་དེའི་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སྐབས། མི་རིགས་རང་གི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་གལ་ཆེ་སྐོར་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་དགོས་པ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་སྔོན་མ་ཡིན་ན་གཞུང་འབྲེལ་ཡིག་ཆ་དེ་ཚོ་བོད་ཡིག་ཐོག་བཟོ་དགོས་པའི་གྲོས་ཆོད་དེ་འདྲ་བཞག་ཡོད་ན་ཡང་། དེང་སང་གཞུང་གིས་མཛད་རིམ་དང་དྲ་རྒྱ་སོགས་བོད་ཡིག་ཐོག་བཟོས་མེད་པ་དེ་འཐུས་ཤོར་ཆེན་པོ་ཞིག་ཡིན་སྐོར་དང་། སློབ་གྲྭ་ཁག་གི་སྤྱི་ཡོངས་གནས་སྟངས། གཏན་ཉིན་སློབ་གྲྭ་ཁག་རྩིས་ལེན་ཕྱོགས་སོགས་ཀྱི་ཐད་ལ་བགྲོ་གླེང་གནང་སོང་།
ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ནང་། “ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས། གྲངས་༧༢ ཡོད་པའི་ནང་ད་ཡོད་སློབ་ཕྲུག་ཕོ་མོ་གྲངས་༢༡༧༨༢ དང་། དགེ་རྒན་ལས་བྱེད་བསྡོམས་གྲངས་༢༡༦༣ ཡོད་སྐོར་དང་། ལོ་འདིར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ སློབ་གྲྭ་ཁག་༡༦ གི་སློབ་ཕྲུག་༡༥༣༥ ཡིག་རྒྱུགས་ནང་ཞུགས་ཏེ། རྒྱུགས་འཕྲོད་པ་སློབ་ཕྲུག་༡༣༣༡ བྱུང་བའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་༨༦.༧༡ དང་། འཛིན་རིམ་༡༠ ཅན་གྱི་སློབ་གྲྭ་ཁག་༡༦ གི་སློབ་མ་༡༦༠༦ ཡིག་རྒྱུགས་ནང་ཞུགས་ཏེ། རྒྱུགས་འཕྲོད་པ་སློབ་མ་གྲངས་༡༥༩༦ བྱུང་བའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་༩༩.༣༨ ཡིན་”ཞེས་དང་།
དེ་བཞིན་ལས་བསྡོམས་དེའི་ནང་“ཕྱི་ལོ་༢༠༡༣ ཟླ་༡ པོའི་ནང་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་ལོ་གསུམ་ནང་ཚུད་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་བ་ལྟར། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སྔོན་སློབ་གྲངས་༣༣ དང་། སྦེལ་ཀོབ་ཏུ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་གྲངས་༤ སམབྷོཊ་བོད་སློབ་ཚོགས་པ་ནས་འཛིན་སྐྱོང་ཆ་ཚང་རྩིས་ལེན་ཞུས་ཟིན་„ཞེས་སོགས་འཁོད་འདུག
བང་ཆེན་དྲ་བ་ནས།།
