རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཁང་པ་རྫིག་ཏུ་ཕྱིན་སློབ་གཉེར་སྐྱོ་རུ་ཕྱིན་ན་ལྟས་ངན་རེད།

2014_12_26སྔ་མོ་གྲྭ་སར་ཆོས་རར་འགྲིམ་སྐབས་ཡར་མར་འགྲོ་སྐབས་ཀྱང་རྟགས་གསལ་གཏོང་བཞིན་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད། དེང་སྐབས་ཆོས་ར་གྲོལ་ནས་ཡར་མར་འགྲོ་སྐབས་གློག་བརྙན་གྱི་ལོ་རྒྱུས་བཤད་པ་དེ་འདྲ་ཡོང་གི་འདུག འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་ཏེ་དེ་དག་ལ་བལྟས་པའི་དབང་གིས། རྣམ་གཡེང་གི་རྒྱུ་མང་དུ་འགྲོ་ཡི་ཡོད་པ་ཤོད་ཀྱི་འདུག་ཅེས་༧གོང་ས་མཆོག་གིས་ལྷོ་ཕྱོགས་
མོན་གྷོར་གསུངས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༤ ཉིན་ཏེ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་ཉིན་གཉིས་པའི་ཞོགས་པར། ༧གོང་ས་མཆོག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚོགས་ཁང་དུ་ཞབས་སོར་འཁོད་མཚམས། དངོས་གཞིའི་ཆོས་འབྲེལ་མ་གནང་བའི་སྔོན་དེར། འདས་པའི་མི་ལོ་༥༠༠ ཙམ་གྱི་རིང་གདན་ས་གྲྭ་ཚང་ཁག་གཙོས་པས་སློབ་གཉེར་གྱི་ལྟེ་གནས་ཁག་གི་ནང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བར་ཡི་རངས་བསྔགས་བརྗོད་དང་། དེ་བཞིན་དེང་སྐབས་གདན་ས་གྲྭ་ཚང་ཁག་གི་སློབ་གཉེར་གྱི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོད་སྐོར་བཀའ་སློབ་གནང་དོན། “གྲྭ་ས་ཁག་དེ་དག་གིས་འདས་པའི་ལོ་༥༠༠ ལྷག་ཙམ་རིང་བོད་གངས་ཅན་ལྗོངས་སུ་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་བསྟན་པ་བཟུང་ཡོད། ད་ཆ་དུས་ཚོད་འདི་འདྲ་ཞིག་གི་སྟེང་དུ་སླེབས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་འདུག་ཅེས་བཤད་པ་མ་ཡིན་པར་སོ་སོར་གོ་རྟོགས་ཡོད་ པ་དང་། དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་བསམ་བློ་བཏང་ནས་འགྲེལ་བཤད་རྒྱག་ཐུབ་ན། དེང་སྐབས་འཛམ་གླིང་འདིའི་སྟེང་ཤེས་ཡོན་དང་། རིག་གནས་གསར་པ་དེ་དག་གི་ཐོག་ནས་མིའི་རྣམ་དཔྱོད་ཆེན་པོ་ཡོད། སྐད་ཆ་བཤད་ན་གོ་བརྡ་འཕྲོད་ཡོང་གི་རེད། འདིར་གནད་འགག་འདུག ཁྱེད་རང་ཚོ་བོད་གངས་ཅན་ལྗོངས་སུ་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཐེག་པ་ཆེན་པོ་སྔགས་དང་བཅས་པ་ཡོངས་སུ་རྫོགས་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་།
གཞན་ཡང་འཛམ་གླིང་འདིའི་སྟེང་ངེས་པར་དུ་ནང་པའི་ཆོས་པ་ཡིན་མི་དགོས་པར། རྟེན་འབྱུང་གི་དོན་དམ་དེ་འདྲའི་ཐོག་ནས་མིའི་རྣམ་དཔྱོད་ལམ་ཡང་དག་པའི་ཐོག་འགྲོ་ཐུབ་པར་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། ང་རང་ཚོ་བཙན་བྱོལ་བ་ཆགས་ཏེ་ཧ་ཅང་སྐྱོ་བོ་རེད། འོན་ཀྱང་འདི་ག་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ལ་ཆ་བཞག་ན། ཐོག་མར་གཞིས་ཆགས་པའི་སྐབས་སུ་སྨྱུག་ཁང་ཐབས་ཆག་ཙམ་ལས་མེད་ན་ཡང་། རིམ་པས་ཡར་རྒྱས་ཕྱིན་ཏེ་ཕྱིའི་གནས་ཀྱི་བཀོད་པ་དེ་དག་ཆུང་ཆུང་ཞིག་ནས་རིམ་པས་ཡར་རྒྱས་ཕྱིན་ཡོད་པ་ལྟར། བསླབ་པ་སློབ་གཉེར་ཡང་གོང་འཕེལ་གཏོང་དགོས་རེད་མ་གཏོགས་ཁང་པ་རྫིག་ཏུ་ཕྱིན་སློབ་གཉེར་སྐྱོ་རུ་ཕྱིན་ན་ལྟས་ངན་རེད། མཁྱེན་སོང་ངམ། དེར་བརྟེན་སློབ་གཉེར་ཐོག་ད་དུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱེད་ཕྱོགས་ཐད། གང་དགའ་བ་འདུག་སྐོར་ཁ་སྔོན་དུས་འཁོར་དབང་ཆེན་སྐབས་ངོས་ཀྱི་ཞུ་རྒྱུ་བྱུང་། དེ་རིང་འདིར་གདན་ས་གསུམ་གྱི་མཁན་པོ་ལས་ཟུར་དང་དགེ་རྒན། དེ་བཞིན་དཔེ་ཁྲིད་དགེ་རྒན་སོགས་མང་ཆེ་བ་འཛོམས་ཡོད། ད་བར་འཐུས་གང་ནས་ཤོར་བ་ཤེས་བཞིན་འདུག ཁྱེད་རང་ཚོ་ད་རེས་འདིར་འཛོམས་ཐོག་ལ་ངེས་པར་དུ་གོ་བསྡུར་བྱེད་དགོས་ཞེས་གསུངས་ཏེ། གདན་ས་ཁག་གི་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ལམ་སྟོན་གནང་ཡོད་པ་རེད།
2014_12_26_1༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “ངོས་ཀྱི་ངོ་ཤེས་པ་སྔ་མོ་འདིར་དཔེ་ཆ་བལྟས་ཏེ་དགེ་བཤེས་ཐོན་མཁན་ཚོས། སྔ་མོ་གྲྭ་སར་ཆོས་ར་འགྲིམ་པའི་སྐབས་སུ་ཡར་མར་འགྲོ་སྐབས་ཀྱང་རྟགས་གསལ་གཏོང་བཞིན་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད། དེང་སྐབས་ཆོས་ར་གྲོལ་ནས་ཡར་མར་འགྲོ་བའི་སྐབས་སུ་གློག་བརྙན་གྱི་ལོ་རྒྱུས་བཤད་པ་དེ་འདྲ་ཡོང་གི་འདུག འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་ཏེ་དེ་དག་ལ་བལྟས་པའི་དབང་གིས། རྣམ་གཡེང་ཡོང་རྒྱུའི་རྒྱུ་རྐྱེན་མང་དུ་ཕྱིན་ནས་དེའི་རྐྱེན་གྱི་རྣམ་གཡེང་མང་དུ་འགྲོ་གི་ཡོད་པ་དེ་ལྟར་ཤོད་ཀྱི་འདུག  མི་ཞིག་གིས་ངོས་ལ་འདི་ལྟར་བཤད་པ་རེད། ངོས་ལ་རྫུ་འཕྲུལ་ནི་སྟོན་རྒྱུ་མེད། ངོས་ཀྱིས་དགེ་བསྐོས་བཟོ་འདྲ་བོ་བྱས་ཏེ་དམ་དྲག་བྱེད་རྒྱུ་ནི་མེད། ཁྱེད་རང་ཚོ་རང་གིས་བསམ་བློ་གཏོང་དགོས། ས་གནས་ས་ཐོག་ཏུ་འཐུས་ཤོར་ས་དེར་ཞིབ་འཇུག་བྱས་ཏེ་འགོག་ཐབས་བྱེད་དགོས། མ་བརྟག་མ་དཔྱད་པའི་སྐབས་སུ་དགེ་འདུན་གྱི་སྡེ་དགོན་པ་མང་པོ་ཡོད། ཞིབ་ཚགས་པོའི་ཐོག་ཕྱིན་ཏེ་དངོས་ཡོད་སངས་རྒྱས་ཀྱི་ལུང་རྟོགས་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས། ཁ་ཡོད་ལག་ཡོད་འཛིན་མཁན་སུ་འདུག་བརྗོད་སྐབས་ཁག་པོ་འདུག གདན་ས་ཁག་ནས་དེ་དག་ལ་ད་དུང་ཡར་རྒྱས་གཏོང་དགོས།
ངོས་ཀྱི་ཛ་དྲག་ཐོག་བསམ་བློ་གཏོང་གི་ཡོད། ང་རྒས་འགྲོ་ཡི་ཡོད། ཁྱེད་རང་ཚོ་མང་པོ་ཞིག་གི་ད་བར་ལོ་༥༠ ལྷག་གི་རིང་ལ་ང་ཚོར་༧རྒྱལ་བ་རིན་པོ་ཡོད་ཅེས་བློས་བཀལ་ཏེ་གང་ཙམ་ཕན་ཡོད།   ངོས་ནས་ཁྱེད་རང་ཚོ་ཡོད་བསམས་པའི་སེམས་ཤུགས་སྐྱེས། ཁྱེད་རང་ཚོ་ཡིན་ནའང་༧རྒྱལ་བ་རིན་པོ་ཆེ་ཡོད་བསམས་པ་དེ་རྟག་པ་བརྟན་པ་མེད་པར་རིམ་པས་རྫོགས་འགྲོ་ཡི་རེད། གང་ལྟར་ངོས་ཀྱི་མི་ཚེ་ཉི་མ་ལ་ཁའི་མཚམས་སུ་བསླེབས་ཚར་བ་རེད། ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་༥༦ ཙམ་འགྲོ་བཞིན་ཡོད། དེ་རིང་ང་ཚོ་འདིར་སྡུག་རིགས་ངན་ཚད་བཤད་པ་རྩ་བ་ནས་མ་རེད། སློབ་གཉེར་བྱེད་མཁན་རིགས་གཅིག་སློབ་གཉེར་ཐོན་པ་དང་བྱང་ཆུབ་འདོན་རྒྱུའི་ཚབ་ལ། ཌོ་ལར་འདོན་མཁན་གྱི་བཟོ་བྱས་ཏེ་འགྲོ་བཞིན་ཡོད། སྤྱིར་སོ་སོའི་སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ་བསྟན་པ་སྙིང་ལ་བཅང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་ན་ཡག་པོ་རེད། མང་པོ་ཞིག་དེ་ལྟར་མིན། སྐྱག་རྫུན་དང་མགོ་སྐོར། ཧམ་པ་བཤད་པ་དེ་འདྲ་བོད་ནང་དུ་ཡང་གོ་རྒྱུ་འདུག དེ་ཚོའི་རིགས་ཁྱོན་ནས་ཡག་པོ་མ་རེད།
ཁྱེད་རང་ཚོ་མི་རབས་གཞོན་པ་དེ་དག་གིས་འགན་འཁུར་ལེན་དགོས། མཐའ་མར་ངོས་རང་འཆི་བའི་སྐབས་སུ་བློ་བདེ་བོའི་ངང་ཧྲ་ཐག་ཐག་ཡོད་བསམ་པ་ཞིག་ཡོང་ཐུབ་པ་བྱ་དགོས། ང་རྒས་ནས་འཆི་ཁར་ད་གང་འདྲ་ཡོང་བསམ་པའི་སེམས་ཁྲལ་བྱེད་མི་དགོས་པར། ཁྱེད་རང་ཚོ་ཚང་མས་འགན་ཁུར་ཡག་པོ་བྱེད་དགོས། དེ་ལྟར་མ་བྱས་པ་ཡིན་ན་ཐབས་རྡུགས་རེད། བརྟན་ཞུགས་དང་མཎྡལ་འདྲ་ཕུལ་ནས་རྒྱལ་བ་དང་ངོ་བོ་དབྱེར་མེད་བརྗོད་པས་ཕན་ཐོགས་གང་ཡོད། ང་ཚོ་ཁ་ཡོད་ལག་ཡོད་དགོས་ཀྱི་ཡོད། ངོས་ཀྱི་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། དངོས་གནས་ཡིན། མཎྡལ་འབུལ་མཁན་ཚོ་ཡིན་ན། སྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་བརྗོད་ཀྱི་ཡོད། སྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་སྡོད་ཀྱི་མེད་པ་ཁྱེད་རང་ཚོ་ཡིན་ན་ཡང་ཤེས་གསལ་རེད། མཎྡལ་འབུལ་ཡུལ་དེ་ཡིན་ནའང་སྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་སྡོད་རྒྱུ་མེད་པ་ཤེས་གསལ་རེད། སོ་སོས་སོ་སོར་མགོ་སྐོར་གཏོང་གི་འདུག སངས་རྒྱས་ཀྱི་ཆོས་འདི་དངོས་ཐོག་བདེན་འཚོལ་རེད། ང་ཚོ་དངོས་ཡོད་གནས་ཚུལ་ཐོག་འགྲོ་དགོས་”ཞེས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། ། གསར་འགོད་པ་བློ་བཟང་མཁྱེན་བརྩེ།  བང་ཆེན་དྲ་བ་ནས།།