
སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་དང་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ལ་ཕྱི་ལོ་གསར་པར་འཚམས་འདྲི་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤
“Tibetan Rehabilitation Policy 2014″ ཞེས་པའི་སྐོར་སྙིང་བསྡུས་ཤིག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་སྲིད་བྱུས་འདི་བཞིན་ལག་བསྟར་ཡོང་ཆེད་རོགས་ཕན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་ཨུ་ཏྟར་ཁཎྜ་མངའ་གཞུང་ནས་འདས་པའི་མི་ལོ་ ༥༠ ལྷག་གི་རིང་ནས་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་གིས་བོད་མི་ཚོར་སྡོད་ཁང་གི་མཐུན་རྐྱེན་བསྐྲུན་ཆེད་རོགས་རམ་ཇི་དགོས་གནང་རྒྱུ་སྤྱི་དང་། ལྷག་པར་བོད་མི་ཆེད་ཉམ་ཐག་རྣམས་ལ་མངའ་གཞུང་ནས་མཐུན་འགྱུར་རོགས་རམ་ཇི་དགོས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག
གཞན་ཡང་བཀའ་བློན་མཆོག་གིས་མངོན་དགའ་སློབ་གྲྭ་དང་བདེ་སྐྱིད་གླིང་། དོན་གྲུབ་གླིང་བོད་མིའི་གཞིས་ཆགས་བཅས་སུ་གཟིགས་སྐོར་དང་ལམ་སྟོན་གསུང་བཤད་གནང་ཡོད་འདུག སྐབས་དེར་ནང་སྲིད་ཟུང་དྲུང་ཚེ་དབང་བཀྲ་ཤིས་ལགས་དང་དྲུང་ལས་འཇིགས་མེད་རྡོ་རྗེ་ལགས་རྣམ་གཉིས་ལྷན་བཅར་ཞུས་འདུག བོད་མིའི་སྒྲིག་འཛུགས་དྲ་བ་ནས།།
