དེ་ རིང་ རྒྱ་ གར་ དམངས་ གཙོའི་ ཉིན་ མོ་ དང་ བསྟུན་ ཏེ་ བོད་ གཞུང་ དམངས་ གཉིས་ ནས་ ཀྱང་ དུས་ ཆེན་ སྲུང་ གཙིའི་ ཆ་ ཤས་ བླངས་ ཡོད་ པ་ དང་ ། གཞོན་ ལྷན་ གྱིས་ རྒྱ་ གར་ སྲིད་ བློན་ གྱི་ ཁོར་ ཡུག་ གཙང་ བཟོས་ ལས་ འགུལ་ ལ་ རྒྱབ་ སྐྱོར་ དང་ ཉམས་ ཞུགས་ ཆེད་ ཁོར་ ཡུག་ སྐོར་ མང་ ཚོགས་ ལ་ གོ་ རྟོག་ ལས་ འགུལ་ ཞིག་ སྤེལ་ སོང་ །
དེ་ རིང་ རྒྱ་ གར་ གྱི་ དམངས་ གཙོའི་ དུས་ དྲན་ ཐེངས་ ༦༦ པ་ དང་ བསྟུན་ ཏེ། བཞུགས་ སྒར་ དྷ་ རམ་ ས་ ལར་ ཡང་ བོད་ མིའི་ སྒྲིག་ འཛུགས་ དང་ གཞུང་ འབྲེལ་ མ་ ཡིན་ པའི་ ཚོགས་ པ། དེ་ བཞིན་ མི་ མང་ བཅས་ ནས་ དུས་ དྲན་ གྱི་ ཆ་ ཤས་ བླངས་ ཡོད། དེ་ རིང་ སྔ་ དྲོའི་ ཆུ་ ཚོད་ ༩ པའི་ སྟེང་ གངས་ སྐྱིད་ བཀའ་ ཤག་ མདུན་ དུ། སྲིད་ སྐྱོང་ མཆོག་ དང་ ལྷན་ ཁང་ ཁག་ གི་ བཀའ་ བློན་ དང་ དྲུང་ ཆེ་ རྣམ་ པ་ ལྷན་ བཞུགས་ ཐོག་ རྒྱ་ གར་ དམངས་ གཙོའི་ དུས་ ཆེན་ སྲུང་ གཙི་ གནང་ ཡོད་ པ་ དང་ ། སྐབས་ དེར་ སྲིད་ སྐྱོང་ བློ་ བཟང་ སེང་ གེ་ མཆོག་ གིས་ རྒྱ་ གར་ གྱི་ རྒྱལ་ དར་ སྒྲེང་ འཛུགས་ གནང་ རྗེས་ གསར་ འགོད་ པར། རྒྱ་ གར་ གྱི་ དམངས་ གཙོ་ དབུ་ བརྙེས་ ཏེ་ ལོ་ ངོ་ རེ་ དྲུག་ འཁོར་ བའི་ དུས་ དྲན་ ཉིན་ བཀའ་ ཤག་ སྐབས་ བཅུ་ བཞི་ པས་ རྒྱ་ གར་ གཞུང་ དམངས་ གཉིས་ ལ་ འཚམས་ འདྲི་ ཞུ་ རྒྱུ་ ཡིན་ ལ། དེ་ རིང་ གི་ དུས་ ཆེན་ འདིར་ ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མ་ མཆོག་ ཐེངས་ དང་ པོ་ སྐུ་ མགྲོན་ ཕེབས་ པ་ དེར་ འཚམས་ འདྲི་ དང་ དགའ་ བསུ་ ཞུ་ རྒྱུ་ ཡིན། ཞེས་ སོགས་ གསུངས་ སོང་ །
སྔ་ དྲོའི་ ཆུ་ ཚོད་ ༡༠།༠༠ ཐོག་ མེག་ གྷན་ ཉིན་ སློབ་ ཐང་ ཆེན་ དུ། དབུས་ བོད་ ཀྱི་ གཞོན་ ནུ་ ལྷན་ ཚོགས་ ཀྱི་ གོ་ སྒྲིག་ འོག རྒྱ་ གར་ རྒྱལ་ ཡོངས་ ནང་ ༼རྒྱ་ གར་ གཙང་ བཟོའི་ ལས་ འགུལ།༽ཞེས་ པ་ ཞིག་ སྤེལ་ ཡོད་ ཅིང་ ། དེར་ སྐུ་ མགྲོན་ གཙོ་ བོ་ འཕྲོད་ བསྟེན་ བཀའ་ བློན་ མཆོག་ གི་ ངོ་ ཚབ་ དྲུང་ ལས་ ཉི་ མ་ རྒྱལ་ མཚན་ ལགས་ གཙོས། གཞུང་ འབྲེལ་ མིན་ པའི་ ཚོགས་ པ་ ཁག་ གི་ སྐུ་ ཚབ་ དང་ དྷ་ ས་ ཁུལ་ གྱི་ མི་ མང་ བཅས་ མཉམ་ ཞུགས་ གནང་ སོང་ །
ལས་ འགུལ་ དབུ་ འཛུགས་ ཐོག་ གཞོན་ ནུའི་ ཚོགས་ གཙོ་ བསྟན་ འཛིན་ འཇིགས་ མེད་ ལགས་ ཀྱིས་ བརྗོད་ དོན། དེ་ རིང་ གི་ ལས་ འགུལ་ འདི་ སྔ་ ལོར་ རྒྱ་ གར་ གྱི་ སྲིད་ བློན་ ནཱ་ རེན་ ཌ་ མུ་ དྷེ་ མཆོག་ གིས་ མགོ་ འཛུགས་ གནང་ རྗེས་ ད་ བར་ རྒྱ་ གར་ རྒྱལ་ ཡོངས་ སུ་ མི་ མང་ ས་ ཡ་ ༣ ལྷག་ མཉམ་ ཞུགས་ གནང་ ཡོད། ང་ ཚོ་ བོད་ པར་ རྒྱ་ གར་ གཞུང་ བཀའ་ དྲིན་ ཆེན་ པོ་ ཡིན་ པ་ མ་ ཟད་ ༧གོང་ ས་ མཆོག་ དང་ བོད་ མིའི་ སྒྲིག་ འཛུགས་ སོགས་ ཀྱང་ འདིར་ གནས་ ཡོད་ སྟབས། ང་ ཚོས་ དུས་ རྒྱུན་ ཁ་ ནས་ རྒྱ་ གར་ གཞུང་ བཀའ་ དྲིན་ ཆེན་ པོ་ ཡིན་ ཟེར་ ནས་ སྡོད་ པ་ ལས་ རྒྱ་ གར་ སྲིད་ བློན་ གྱི་ ལས་ འགུལ་ ནང་ དངོས་ སུ་ མཉམ་ ཞུགས་ བྱས་ ན་ ལག་ ལེན་ དངོས་ ཀྱི་ བཀའ་ དྲིན་ རྗེས་ དྲན་ དེ་ ཆགས་ ཡོད་ པ་ མ་ ཟད། དེ་ དང་ མཉམ་ དུ་ ང་ ཚོའི་ མང་ ཚོགས་ ལ་ ཁོར་ ཡུག་ གོ་ རྟོགས་ སྤེལ་ བ་ དང་ འཕྲོད་ བསྟེན་ ལའང་ ཕན་ ཐོགས་ ཡོད་ པ་ ཞིག་ རེད། ཅེས་ བརྗོད་ སོང་ །
ཁོས་ མུ་ མཐུད་ དུ་ བརྗོད་ དོན། དྷ་ རམ་ ས་ ལ་ འདི་ ཞེ་ དྲག་ གལ་ ཆེན་ པོ་ ཆགས་ ཡོད། གཅིག་ ནས་ ང་ ཚོའི་ བླ་ ན་ མེད་ པའི་ དབུ་ ཁྲིད་ ༧གོང་ ས་ མཆོག་ གི་ བཞུགས་ སྒར་ དང་ ། གཉིས་ ནས་ འཛམ་ གླིང་ གི་ གནད་ ཡོད་ མི་ སྣ་ དང་ ཡུལ་ སྐོར་ སྤྲོ་ འཆམ་ པ་ མང་ པོ་ ཕེབས་ ཡུལ་ ཆགས་ ཡོད། ༧གོང་ ས་ མཆོག་ ཕྱི་ རྒྱལ་ ཁག་ ཏུ་ ཕེབས་ སྐབས་ འགྲོ་ བ་ མིའི་ བཟང་ སྤྱོད་ དང་ ཁོར་ ཡུག་ གཙང་ ཉར་ ཐོག་ བཀའ་ སློབ་ གནང་ གི་ ཡོད་ སྟབས། ང་ ཚོས་ ༧གོང་ ས་ མཆོག་ གི་ བཞུགས་ སྒར་ འདི་ གཙང་ མ་ ཉར་ མ་ ཐུབ་ ཚེ། འདིར་ ཡོང་ མཁན་ ཕྱི་ རྒྱལ་ བ་ ཚོས་ ང་ ཚོར་ ལྟ་ སྟངས་ ཁྱད་ མཚར་ ཡོང་ གི་ རེད། དེ་ ཙམ་ དུ་ མ་ ཟད་ སོ་ སོའི་ འཕྲོད་ སྟེན་ ལའང་ གལ་ འགངས་ ཆགས་ ཡོད་ སྟབས། དབུས་ གཞོན་ ནུ་ ལྷན་ ཚོགས་ ཀྱི་ ལས་ འགུལ་ འདི་ ལ་ ཐུགས་ རྗེ་ ཆེ་ ཞུ་ རྒྱུ་ ཡིན། མང་ ཚོགས་ ཀྱིས་ ཀྱང་ དེ་ རིང་ གཅིག་ པུ་ མིན་ པར་ ནམ་ ཞག་ རྒྱུན་ ཁོར་ ཡུག་ གཙང་ ཉར་ ཐོག་ ཐུགས་ སྣང་ གནང་ སྟེ། མ་ འོངས་ པའི་ མི་ རབས་ ཚོར་ ཁོར་ ཡུག་ གཙང་ མ་ ཞིག་ བརྒྱུད་ སྤྲོད་ བྱེད་ ཐུབ་ པ་ གནང་ དགོས། ཞེས་ སོགས་ བརྗོད་ སོང་ །
མཇུག་ ཏུ་ གསར་ འགོད་ པས་ ཉི་ མ་ གཡུ་ སྒྲོན་ ལགས་ སུ་ བཅར་ འདྲི་ ཞུས་ པར་ ཁོ་ མོས། ང་ ཚོས་ དུས་ རྒྱུན་ ཁོར་ ཡུག་ གཙང་ མ་ ཉར་ རྒྱུ་ གལ་ ཆེན་ པོ་ ཡིན། གཞུང་ ལམ་ གཡས་ གཡོན་ དུ་ གད་ སྙིགས་ མེད་ པར་ གཙང་ མ་ ཡིན་ ན་ རང་ གཞན་ གཉིས་ ཀར་ ཕན་ ཐོགས་ ཡོད་ པ་ མ་ ཟད། ཕྱི་ ཕྱོགས་ ནས་ ཡུལ་ སྐོར་ སྤྲོ་ འཆམ་ ལ་ ཡོང་ མཁན་ ཚོའི་ མིག་ ལའང་ མཛེས་ པོ་ ཡོང་ གི་ རེད། ཅེས་ བརྗོད་ བྱུང་ ། བོད་ ཀྱི་ སྲིད་ ཇུས་ ཉམས་ ཞིབ་ ཁང་ གི་ བསྟན་ པ་ རྒྱལ་ མཚན་ ལགས་ ཀྱིས། ང་ རང་ ཁོར་ ཡུག་ ལ་ དགའ་ པོ་ ཡོད་ ལ་ ཁོར་ ཡུག་ ཐོག་ ཉམས་ ཞིབ་ བྱེད་ མཁན་ ཞིག་ ཀྱང་ ཡིན། ལས་ འགུལ་ འདི་ གཅིག་ ནས་ རང་ འགན་ རང་ འཁུར་ དང་ ། གཉིས་ ནས་ མི་ མང་ པོ་ ཞིག་ ལ་ དྲན་ གསོ་ ཐེབས་ པ་ ཞིག་ ཆགས་ ཆགས་ ཡོད། ཅེས་ བརྗོད་ བྱུང་ །
གསར་ འགོད་ པ། དོན་ འགྲུབ།
དུས་བབ་དྲ་བ་ནས།།

