ཁ་ སང་ ཨ་ རིའི་ ཞིབ་ འཇུག་ ཁང་ ཞིག་ གིས་ འདས་ ལོ་ རྒྱ་ ནག་ གཞུང་ གིས་ ལ་ ཌིན་ ཨ་ མི་ རི་ ཁའི་ ཡུལ་ གྲུ་ ཁག་ ལ་ ཨ་ སྒོར་ ཐེར་ འབུམ་ ༢༢ ལྷག་ གི་ བུ་ ལོན་ བཏང་ ཡོད་ སྐོར་ བརྗོད་ འདུག
ཁ་ སང་ ཨ་ རིའི་ ལ་ ཌིན་ ཨ་ མི་ རི་ ཁའི་ ཆབ་ སྲིད་ ཞིབ་ འཇུག་ ལྟེ་ གནས་ ཁང་ (Inter-American Dialogue) ཅེས་ པས་ སྙན་ ཐོ་ ཞིག་ བཏོན་ ཏེ། འདས་ ལོར་ རྒྱ་ ནག་
ཞིབ་ འཇུག་ ཁང་ གི་ འགན་ འཛིན་ ཀཱེ་ ཝུན་ (Kevin P Gallagher)གྱིས་ གསར་ འགོད་ པར། “འདས་ ལོ་ ནས་ བཟུང་ རྒྱ་ ནག་ གི་ དཔལ་ འབྱོར་ འཕེལ་ ཚད་ ཇེ་ དལ་ དུ་ ཕྱིན་ ཡོད་ ཀྱང་ ། ལ་ ཌིན་ ཨ་ མི་ རི་ ཁའི་ རྒྱལ་ ཁག་ གཙོས་ རྒྱལ་ ཁབ་ ཁག་ ཅིག་ ལ་ དངུལ་ བུན་ མུ་ མཐུད་ གཏོང་ གི་ ཡོད་ སྟབས། མ་ འོངས་ པར་ རྒྱ་ ནག་ གཞུང་ གིས་ རྒྱལ་ ཁབ་ དེ་ དག་ ནང་ འཛུགས་ སྐྲུན་ བྱ་ རྒྱུར་ ཁ་ གཡར་ ཏེ་ ཚོང་ དང་ ཆབ་ སྲིད་ ཀྱི་ ཁེ་ ཕན་ བསྒྲུབ་ སྲིད་ པ་ ཞིག་ རེད།”ཅེས་ བརྗོད་ འདུག
ཨ་ རིའི་ ཧྥག་ སེ་ དང་ བྷི་ བྷི་ སི་ གསར་ ལམ་ ཐོག ཟླ་ གཉིས་ གོང་ ཨར་ ཇེན་ ཌི་ ན་ དང་ ཨེ་ ཁོ་ ཌར། ཝེ་ ནེ་ ཛུ་ ལ་ བཅས་ ཀྱི་ སྲིད་ འཛིན་ རྒྱ་ ནག་ ནང་ བསྐྱོད་ དེ་ རྒྱལ་ སྤྱིའི་ རྡོ་ སྣུམ་ གྱི་ རིན་ གོང་ ཆག་ སྟེ་ རྒྱལ་ ཁབ་ ཀྱི་ དཔལ་ འབྱོར་ ཉམས་ རྒུད་ འགྲོ་ བཞིན་ ཡོད་ པའི་ དཀའ་ ངལ་ ཞུས་ ཡོད་ པ་ དང་ ། ནག་ གཞུང་ གིས་ དངུལ་ བུན་ གཏོང་ རྒྱུ་ དང་ ཁེ་ ལས་ ཁག་ གིས་ མ་ འཛུགས་ བྱས་ ཏེ་ གཉིས་ ཕན་ མཉམ་ རྒྱལ་ ཡོང་ བའི་ རེ་ སྐུལ་ ཞུས་ ཡོད་ སྟབས། འདི་ ལོ་ རྒྱ་ ནག་ གཞུང་ གིས་ ཝེ་ ནེ་ ཛུ་ ལར་ ཨ་ སྒོར་ ཐེར་ འབུམ་ ༢༠ དངུལ་ བུན་ དང་ མ་ འཇོག་ བྱ་ རྒྱུའི་ གྲོས་ མཐུན་ བཞག་ ཡོད་ པ་ དང་ ། རྒྱ་ ནག་ གཞུང་ གི་ ཕྱིར་ ཚོང་ ནང་ འདྲེན་ དངུལ་ ཁང་ དང་ རྒྱ་ ནག་ མི་ དམངས་ དངུལ་ ཁང་ ། འཛུགས་ སྐྲུན་ དངུལ་ ཁང་ བཅས་ ཀྱིས་ བྷར་ ཛིལ་ གྱི་ རྡོ་ སྣུམ་ ཁེ་ ལས་ ཆེ་ ཤོས་ ཝ་ ལེ་ (Vale) ཡི་ རྡོ་ སྣུམ་ སྔོག་ འདོན་ འཕྲུལ་ ཆས་ ཉོ་ རྒྱུ་ དང་ ། རྒྱུན་ གྲོན་ ཆེད་ ཨ་ སྒོར་ ཐེར་ འབུམ་ ༡༥ ལྷག་ བུ་ ལོན་ བཏང་ ཡོད་ འདུག
ད་ ལྟ་ ཝེ་ ནེ་ ཛུ་ ལ་ དང་ ཨེ་ ཁོ་ ཌར་ གཞུང་ གིས་ རྒྱ་ ནག་ གཞུང་ ལ་ རྒྱལ་ སྤྱིའི་ ཁྲོམ་ རའི་ རིན་ གོང་ གཞིར་ བཟུང་ རྡོ་ སྣུམ་ བྷ་ རལ་ (barrel) ས་ ཡ་ མང་ པོ་ མཁོ་ སྤྲོད་ བྱས་ ཏེ། བུ་ ལོན་ སྒྲུབ་ འཇལ་ བྱེད་ བཞིན་ ཡོད་ ཀྱང་ ། རྒྱལ་ སྤྱིའི་ ཐོག་ རྡོ་ སྣུམ་ གྱི་ རིན་ གོང་ མུ་ མཐུད་ མར་ ཆག་ བཞིན་ ཡོད་ སྟབས། དུས་ ཐོག་ བུ་ ལོན་ སྒྲུབ་ འཇལ་ མ་ ཐུབ་ པ་ སོགས་ ཀྱི་ དཀའ་ ངལ་ མང་ པོ་ ཞིག་ འཕྲད་ བཞིན་ ཡོད་ འདུག ད་ ལྟ་ རྒྱ་ ནག་ གཞུང་ གིས་ གོ་ སྐབས་ དེ་ བཟུང་ སྟེ། རྒྱལ་ ཁབ་ དེ་ དག་ ནང་ ཁེ་ ལས་ གང་ མང་ གསར་ འཛུགས་ བྱས་ ཏེ་ ཕྱོགས་ གཅིག་ ནས་ རྒྱ་ ནག་ གི་ དཔལ་ འབྱོར་ འཕེལ་ ཚད་ ཇེ་ མགྱོགས་ སུ་ གཏོང་ ཐབས་ དང་ ། ཕྱོགས་ གཞན་ ཞིག་ ནས་ རྒྱལ་ ཁབ་ དེ་ དག་ དང་ འབྲེལ་ ལམ་ ཡག་ ཏུ་ བཏང་ སྟེ། རྒྱ་ ནག་ གི་ མཐུན་ གྲོགས་ རྒྱལ་ ཁབ་ ཅིག་ ཏུ་ འགྱུར་ ཐབས་ ཀྱི་ བྱ་ འགུལ་ སྤེལ་ བཞིན་ ཡོད་ སྐོར་ བཀོད་ འདུག
༢༠༠༧ ལོ་ ནས་ བཟུང་ ད་ བར་ རྒྱ་ ནག་ གཞུང་ གི་ དངུལ་ ཁང་ ཁག་ གིས་ ཝེ་ ནེ་ ཛུ་ ལར་ (Venezuela) ཨ་ སྒོར་ ཐེར་ འབུམ་ ༥༠ ལྷག་ དངུལ་ བུན་ བཏང་ ཡོད་ པ་ མ་ ཟད། ཨར་ ཇེན་ ཌི་ ན་ དང་ བྷར་ ཛིལ། ཨེ་ ཁོ་ ཌར་ (Ecuador) སོགས་ ཀྱི་ རྒྱལ་ ཁབ་ ཁག་ ནང་ གཏེར་ ཁ་ སྔོག་ འདོན་ དང་ གློག་ ཁང་ གསར་ རྒྱག རྒྱལ་ ཁབ་ འཛུགས་ སྐྲུན་ དང་ ས་ ཁང་ ཐོན་ ལས་ སོགས་ ཀྱི་ ཆེད་ ཨ་ སྒོར་ ཐེར་ འབུམ་ མང་ པོའི་ བུ་ ལོན་ བཏང་ ཡོད།

༢༠༡༠ ལོར་ ཨ་ སྒོར་ ཐེར་ འབུམ་ ༣༧ དང་ །
༢༠༡༡ ལོར་ ཨ་ སྒོར་ ཐེར་ འབུམ་ ༡༧།༨།
༢༠༡༢ ལོར་ ཨ་ སྒོར་ ཐེར་ འབུམ་ ༣།༨།
༢༠༡༣ ལོར་ ཨ་ སྒོར་ ཐེར་ འབུམ་ ༡༢།༩།
༢༠༡༤ ལོར་ བྷར་ ཛིལ་ ལ་ ཨ་ སྒོར་ ཐེར་ འབུམ་ ༨།༦ དང་ །ཨར་ ཇེན་ ཌི་ ནར་ ཨ་ སྒོར་ ཐེར་ འབུམ་ ༧། ཝེ་ ནེ་ ཛུ་ ལར་ ཨ་ སྒོར་ ཐེར་ འབུམ་ ༥།༧། ཨེ་ ཁོ་ ཌར་ ཨ་ སྒོར་ ས་ ཡ་ ༨༢༡ བཅས་ ཁྱོན་ ཨ་ སྒོར་ ཐེར་ འབུམ་ ༢༢།༡ ལྷག་ བཏང་ ཡོད་ འདུག འདི་ ལོ་ ཨ་ སྒོར་ ཐེར་ འབུམ་ ༣༧ ཙམ་ གཏོང་ འཆར་ ཡོད་ འདུག
དེ་ རིང་ གོ་ ལའི་ དཔལ་ འབྱོར་ དུས་ བབ་ (Global Financial Times) ཅེས་ པའི་ ཐོག་ རྩོམ་ པ་ པོ་ པི་ ཌར་ ཇོན་ སུང་ ལགས་ ཀྱིས་ ཆེད་ བརྗོད་ ཅིག་ སྤེལ་ བའི་ ནང་ ། ད་ ལྟ་ རྒྱ་ ནག་ གཞུང་ གིས་ ལེ་ ཌིན་ ཨ་ མི་ རི་ ཁའི་ ཡུལ་ གྲུ་ ཁག་ ཏུ་ བུ་ ལོན་ ཕོན་ ཆེན་ གཏོང་ གི་ ཡོད་ སྟབས། མ་ འོངས་ པར་ རྒྱལ་ ཁབ་ དེ་ དག་ རྒྱ་ ནག་ གཞུང་ གི་ མི་ སེར་ སྤེལ་ ཡུལ་ ཞིག་ ཏུ་ འགྱུར་ རྒྱུ་ ཡིན་ ཞེས་ སོགས་ བསམ་ ཚུལ་ སྤེལ་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

