རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཤེས་ཡོན་ཅན་ཚོས་འདི་ལྟ་བུའི་བླུན་རྟཊ་མི་སྟོན་པའི་དམ་བཅའ་དགོས།

ལྡི་ལི་བོད་སྒར་ཉེ་འཁྲིས་སུ་བོད་པའི་ན་གཞོན་ཤེས་ཡོན་ཅན་སེར་མོ་བ་ཞིག་དང་མི་སྐྱ་ཞིག་གིས་འཁྲུག་འཛིང་བྱས་ཏེ་གཉིས་ཀ་རྐྱེན་ལམ་དུ་ཕྱིན་པ་དེར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་བོད་ཀྱི་ཤེས་ལྡན་པ་ཚོས་འདི་ལྟ་བུའི་
ངོ་གནོང་དགོས་པའི་ནང་དམེ་དང་ཆག་སྒོ་ཆེན་པོ་མི་བཟོ་རྒྱུར་སོ་སོར་དམ་བཅའ་བརྟན་པོ་དགོས་པའི་གཞེན་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད།
ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པ་ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་གི་ཉེ་འཁྲིས་ཀྱི་མྱུར་བགྲོད་མེ་འཁོར་ལྕགས་ལམ་གྱི་ཟམ་ཆེན་འོག་ཏུ། བོད་པའི་གྲྭ་བ་ཞིག་དང་མི་སྐྱ་ཞིག་གིས་རྒྱག་རེས་བརྒྱབ་སྟེ་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་ཅིང་། དེ་མ་ཐག་རྒྱ་གར་ཉེན་རྟོག་པ་དང་། བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་སོགས་འབྱོར་སྐབས། གྲྭ་བ་དེ་ས་དེ་རང་དུ་གྲོངས་ཡོད་པ་དང་མི་སྐྱ་དེ་ཉེན་རྟོག་པའི་རླངས་འཁོར་ནང་སྨན་ཁང་དུ་སྐྱེལ་བའི་ལམ་བར་ནས་གྲོངས་ཡོད་འདུག རྗེས་སུ་ཤེས་རྟོགས་བྱུང་བར་གྲྭ་བ་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བསྟན་འཛིན་ཆོས་གྲགས་དང་། མི་སྐྱ་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཆོས་གྲགས་ཡིན་པ་ངོ་རྟགས་ཆོད་ཡོད།
ཕྱི་ཚེས་ ༡༣ ཉིན་འདི་གའི་གསར་ཁང་གིས་ཁ་པར་བརྒྱུད་ལྡི་ལིའི་བརྒྱ་དཔོན་ལ་བཅར་འདྲི་ཞུས་པར། ཁོང་གིས་མདང་དགོང་གནས་ཚུལ་དེ་འདྲ་ཞིག་བྱུང་བ་དངོས་ཡོད་རེད། ཡིན་ནའང་ད་ཆར་གནས་ཚུལ་གསལ་བོ་གང་ཡང་ཡོད་པ་མ་རེད། ཁོང་གཉིས་ཀྱིས་འཁྲུག་པ་བརྒྱབ་ནས་གྲོངས་པ་ཡིན་ནམ། ཡང་ན་མི་གཞན་ཞིག་གིས་བསད་པ་ཡིན་ཤེས་ཐུབ་ཀྱི་མི་འདུག ད་ལྟ་རྒྱ་གར་ཉེན་རྟོག་པས་ཕུང་བོ་གཉིས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། མི་སྐྱ་དེའི་རྒྱབ་ཁུག་ནང་དུ་དབྱིན་ཡུལ་དུ་བསྐྱོད་རྒྱུར་ཐོངས་མཆན་ཞུས་ཏེ་མ་རག་པའི་ཡིག་ཆ་ཞིག་དང་ཧིན་སྒོར་ཁྲི་བདུན་འདུག དེ་དག་རྒྱ་གར་ཉེན་རྟོག་པས་ཉར་བསྡད་ཡོད་པ་རེད། ད་ཆར་དེ་ཙམ་ལས་གནས་ཚུལ་གཞན་ཤེས་ཐུབ་ཀྱི་མི་འདུག་ཟེར།
དོན་རྐྱེན་དེ་བྱུང་བའི་ཕྱི་ཉིན་ནས་བཟུང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྣ་ཚོགས་ཤིག་ཐོན་ཡོད་པ་དང་། ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོ་གཉིས་རྒྱ་གར་བས་བསད་པ་རེད་ཟེར་བ་དང་དོལ་རྒྱལ་བས་བསད་པ་རེད་ཟེར་བ། ཡང་ཁག་ཅིག་གིས་སྔོན་མ་ནས་ཁོང་གཉིས་བར་རྙོག་གྲ་ཡོད་པ་རེད་ཟེར་བ་སོགས་དཀྲོག་གཏམ་སྣ་ཚོགས་ཁྱབ་ཡོད་པ་དང་། གལ་སྲིད་ཁོ་གཉིས་འཁྲུག་འཛིང་ཤོར་ཏེ་གསོད་རེས་བྱས་པ་ཡིན་ཚེ། ཤེས་ཡོན་པ་གཉིས་ཀྱིས་ཧ་ཅང་ཐབས་སྡུག་གླེན་ལྐུག་གི་བྱ་སྤྱོད་འཚབ་ཆེན་ཞིག་སྤེལ་བ་རེད་ཅེས་དམོད་མོ་གཏོང་བ། བོད་མི་གཞོན་སྐྱེས་རེ་བ་ཅན་གཉིས་མེད་བརླག་ཏུ་ཕྱིན་པར་བློ་ཕམ་བྱེད་མཁན་བཅས་གླེང་སློང་ཆེན་པོ་བྱུང་ཡོད།
རྗེས་སུ་རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་ཁང་གིས་དོན་རྐྱེན་བྱུང་སྐབས་དངོས་སུ་མཐོང་མཁན་རྒྱ་གར་བ་ཁག་ཅིག་བཀག་བསྐྱིལ་འདྲི་ཞིབ་བྱས་པ་དང་། འདས་པོ་གཉིས་ཀྱི་ཕུང་པོར་བརྟག་དཔྱད་བྱས་པ་བརྒྱུད་དེ། གྲྭ་བསྟན་འཛིན་ཆོས་གྲགས་ཀྱིས་བློ་བཟང་ཆོས་གྲགས་སུ་གྲི་ཐེངས་འགར་བཙུགས་རྗེས་ཁོ་རང་གི་སྐེ་ལ་གྲིས་བརྒྱབ་སྟེ་རང་ཤི་བརྒྱབ་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག
ཚེས་ ༡༥ ཉིན་སླར་ཡང་གསར་འགོད་པས་ཁ་པར་བརྒྱུད་བསམ་ཡས་གླིང་བརྒྱ་དཔོན་སྐལ་ལྡན་ཚེ་རིང་ལགས་སུ་ཉེན་རྟོག་ཕྱོགས་ནས་དོན་རྐྱེན་ཐད་འགྲེལ་བརྗོད་ག་རེ་བྱས་ཡོད་དྲིས་པར་ཁོང་གིས། སྨན་ཁང་གིས་ཕུང་པོར་བརྟག་དཔྱད་གནང་བའི་མཇུག་འབྲས་གསལ་བོ་ཤེས་མ་སོང་། ཡིན་ནའང་། རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་ཁང་གིས་ཁ་སང་གཞི་ནས་ཁོ་རང་གཉིས་འཁྲུག་པ་ཤོར་ཏེ་གྲྭ་བ་དེས་མི་སྐྱ་དེར་གྲི་ཡིས་བརྒྱབ་པ་དང་། དེའི་རྗེས་གྲྭ་བ་དེས་སོ་སོའི་སྐེ་ལ་གྲིས་བརྒྱབ་ནས་རང་སྲོག་བཅད་པར་ཐག་གཅོད་བྱས་འདུག ཁོ་རང་གཉིས་སྒེར་གྱི་རྩོད་པ་ཞིག་ལ་བརྟེན་ཏེ་འཁྲུག་པ་བརྒྱབ་པ་ལས་མི་གཞན་གྱིས་བསད་པའི་སྐད་ཆ་དེ་དག་དཀྲོག་གཏམ་རང་རེད། དོན་རྐྱེན་དེའི་ནང་མི་སྣ་གསུམ་པ་ཞིག་གི་གི་གནས་ཚུལ་གང་ཡང་མེད་པ་གསལ་བོ་ཆགས་ཚར་བ་རེད། ཅེས་བརྗོད་བྱུང་
ཁ་སང་ཕྱི་དྲོར་སླར་ཡང་ལྡི་ལི་བོད་སྒར་རྒྱ་དཔོན་ལགས་སུ་འདས་པོ་གཉིས་ཀྱི་ཕུང་པོ་གང་འདྲ་ཆགས་ཡོད་མེད་དྲིས་པར། ཁོ་ཁོ་གཉིས་ཀྱི་ཕུང་བོ་དེ་རིང་སྔ་དྲོར་རྒྱ་གར་ཉེན་རྟོག་པས་རྩིས་སྤྲོད་བྱས་ཏེ་མེར་བསྲེགས་བཏང་ཚར་བ་རེད། དྷ་རམ་ས་ལ་ནས་མི་ཁ་ཤས་བསླེབས་འདུག དེ་ནས་ལྡི་ལི་ས་གནས་ཀྱི་མི་ཡོད་པ་རེད། ཅེས་བརྗོད་བྱུང་
ཡང་ཁོང་ལ་ཕུང་པོ་རྩིས་ལེན་ཁར་གནས་ཚུལ་གསར་པ་དེ་འདྲ་ཧ་གོ་ཡོད་མེད་དྲིས་པར་ཁོང་གིས། ཉེན་རྟོག་པས་ཞིབ་འཇུག་བྱས་ཏེ། གྲྭ་བ་དེ་དང་རོགས་པ་གཞན་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ཡོང་སྟེ་ཚེས་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༢།༣༠ ཙམ་ལ་སྒོ་མང་མགྲོན་ཁང་དུ་ཐོ་བརྒྱབ་འདུག ཁོ་རང་གཉིས་དྷ་རམ་ས་ལར་འགྲོ་རྒྱུའི་འཆར་གཞི་ཡོད་པ་འདྲ། མི་སྐྱ་དེ་གང་དུ་བསྡད་ཡོད་མེད་ད་དུང་ཤེས་ཐུབ་མི་འདུག གཅིག་བྱས་ན་གྲོགས་པོ་དེ་འདྲའི་ནང་བསྡད་པ་མིན་འགྲོ གནས་ཚུལ་འདི་ཐོག་མ་བྱུང་སྐབས་ཁོ་གཉིས་སྐོར་ཤེས་མཁན་མི་གཅིག་ཀྱང་བྱུང་མ་སོང་། ཡར་མར་སྐད་ཆ་མང་པོ་དྲིས་ཡིན། ཁོ་རང་གཉིས་ངོ་ཤེས་ཟེར་མཁན་ཡང་མི་འདུག ཉེན་རྟོག་པར་ཞེད་ཀྱི་ཡོད་ན་གང་ཤེས། རྗེས་སུ་ག་ལེར་ཁོ་གཉིས་ལ་རྒྱུས་ཡོད་ཟེར་མཁན་དང་། ཁོ་རང་གཉིས་སྔོན་མ་ངོ་ཤེས་རེད་ཟེར་མཁན་སོགས་མང་པོ་ཞིག་ཤོད་ཀྱི་འདུག དཀྲོག་གཏམ་མང་པོ་ཞིག་བཟོས་ཡོང་གི་འདུག དེ་ཡག་པོ་མ་རེད་དགོངས་པ་ཡག་པོ་བཞེས་དགོས་པ་རེད། ཅེས་བརྗོད་བྱུང་
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ་མཐུན་ཚོགས་ཀྱི་ངོས་ནས་གཟིགས་ཚུལ་ག་རེ་ཡོད་དྲིས་པར་ཁོང་གིས། བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདིས་ང་ཚོར་བཤད་མི་ཤེས་པའི་ཚོར་སྣང་ཞིག་བྱིན་སོང་། ཡིན་ན་ཡང་ཁ་སང་རྒྱ་གར་དུས་བབ་ཚགས་ཤོག་ཐོག་བཀོད་པའི་གནས་ཚུལ་ལས་གཞན་ཞིག་གཞི་འཛིན་ས་ཁག་པོ་ཡིན་སྟབས། གནས་ཚུལ་དེ་འདྲ་ཞིག་ཅིའི་ཕྱིར་བྱུང་དགོས་པའི་རྒྱབ་ལྗོངས་གསལ་བོ་ཞིག་ཆགས་རྒྱུའི་རེ་བ་ཡོད། གལ་ཏེ་བསྟན་འཛིན་ཆོས་གྲགས་ཀྱིས་གྲི་དེ་འདྲ་མང་པོ་བསྣུན་ནས་མཐར་རང་ཤི་རྒྱག་སྟངས་ལ་བསམ་ན་སྒེར་འབྲེལ་གསང་དོན་ཆེན་པོ་ཞིག་ལོས་ཡོད་བསམ་པ་འདུག གཅིག་བྱས་ན་གསང་དོན་དེ་གཏན་ནས་ཤེས་ཐབས་མེད་ཀྱང་སྲིད། གང་ལྟར། མི་རེ་བ་ཅན་གཉིས་མེད་སོང་བ་འདིར་བློ་ཕམ་ཆེན་པོ་བྱུང་། གསོན་པའི་སྐབས་སུ་ཁོ་གཉིས་ཀ་བྱས་རྗེས་དང་འཇོན་ཐང་ཅན་ཡིན་ཡང་མཇུག་ཏུ་དེ་འདྲའི་བླུན་རྟགས་ཚབས་ཆེན་བསྟན་ཏེ་གྲོངས་པ་དེར་མི་ཚང་ཧང་སངས་པ་ཞིག་དང་། ངོ་གནོང་དགོས་པ་ཞིག་ཆགས་ཡོད་སྟབས། རྩོམ་པ་པོའམ་ཤེས་ཡོན་ཅན་ཚོས་འདི་ལྟ་བུའི་ནང་དམེ་དང་ཆག་སྒོ་ཆེན་པོ་མི་བཟོ་རྒྱུར་སོ་སོར་དམ་བཅའ་བརྟན་པོ་དགོས་པའི་གཞེན་སྐུལ་ཞུ་འདོད་བྱུང་། ཞེས་བརྗོད་བྱུང་
གནད་དོན་དེའི་ཐད་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མྱ་ངན་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ངོས་ནས་ང་ཚོའི་གྲོགས་པོ་དང་ལས་རོགས་བློ་བཟང་ཆོས་གྲོགས་ལགས་རྒྱ་གར་ལྡི་ལི་ནས་སྐུ་གྲོངས་བའི་གནས་ཚུལ་ཐོས་པས་ཡིད་སེམས་རབ་ཏུ་གདུང་ཞིང་། ཁོང་ཉིད་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་པའི་ཆ་ནས་རིག་གཞུང་དང་སྨྲ་བརྗོད་རང་དབང་། སྐད་ཡིག་གི་ཐོབ་ཐང་ཐོག་སྐུ་ངལ་འཛེམས་མེད་ཀྱིས་ལས་དོན་གནང་ཡོད་ལ། ཁོང་གིས་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་མི་དང་ལྷན་བོད་ནང་གི་བཙོན་འོག་ཏུ་ལུས་བའི་རྩོམ་པ་པོ་དང་། བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་སྐད་ལ་ཕྱག་ལས་མང་པོ་གནང་ཡོད། ང་ཚོས་ཁོང་གི་ནང་མི་དང་གྲོགས་པོ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་གསོའི་འཚམས་འདྲི་ཞུ་བཞིན་ཡོད་ཅེས་འཁོད་འདུག་ལ། དབུས་སྤྱི་ཁྱབ་ཚོགས་གཙོ་ཇོན་རལ་སི་ཊོན་སོལ་(John Ralston Saul)ལགས་ཀྱིས། “ང་ཚོ་མང་པོ་ཞིག་གིས་བློ་བཟང་ཆོས་གྲགས་མཁྱེན་གྱི་ཡོད་ལ། ཁོང་གིས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་ཐོབ་ཐང་སྐོར་ལ་སྙིང་སྟོབས་ཆེན་པོས་སྐད་ཆ་ཤོད་ཀྱིན་ཡོད། འདི་ནི་སྐྱི་གཡའ་བའི་གནས་ཚུལ་ཞིག་རེད་ལ། ད་ལྟ་ང་ཚོས་ག་རེ་བྱུང་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་རྒྱུར་སྒུག་ཡོད། ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ང་ཚོ་དང་གཏན་དུ་གྱེས་བར་བསམ་བློ་གཏོང་དགོས་བ་ཞིག་ཆགས་པ་རེད།” ཅེས་སོགས་བརྗོད་འདུག
དབུས་འཛིན་སྐྱོང་འགན་འཛིན་ཁར་ལི་སི་ཊོར་ནུར་ (Carles Torner)ལགས་ཀྱིས། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཁར་ལིས་སི་ཊོན་ནུར་ལགས་ཀྱིས་གསུངས་དོན། ང་ཚོའི་ཡིད་སེམས་སྐྱོ་གདུང་གིས་ཁེངས་ཡོད། བློ་བཟང་ལགས་ནི་མི་ཧ་ཅང་ཞི་འཇམ་དང་སྤྲོ་སྣང་ལྡན་པ་ཞིག་ཡིན། ལྷག་པར་ཏུ་ཁོང་གིས་བོད་མི་རིགས་གྱི་རིག་གཞུང་གི་ཐོབ་ཐང་ཆེད་འབད་བརྩོན་ཆེན་པོ་གནང་ཡོད་ལ། ཁོང་གིས་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་སྐུ་ཚབ་ཚོགས་ཆེན་སྟེང་རྒྱ་ནག་གཞུང་གིས་ཁོང་གི་མི་རིགས་ལ་དྲང་བདེན་གནང་གི་མེད་པའི་བསྒྲགས་གཏམ་དེ་ད་དུང་ང་ཚོའི་རྣ་ལམ་ན་གྲག་གི་འདུག ངས་གསལ་བོ་དྲན་པ་ཞིག་ལ་ན་ནིང་ཕྱི་ཟླ་ལྔ་བའི་ནང་གྷེས་རོ་ན་ནས་ཚོགས་པའི་ཚོགས་ཆེན་མཇུག་ཏུ་ངས་ཁོང་ལ། གྲོགས་པོ་ལགས་བསམ་བློ་ཆེན་པོ་ཞིག་ཐོངས་དང་ང་ཚོས་ཅིའི་ཕྱིའི་རྒྱལ་སྤྱིའི་ཡིག་སྒྱུར་དང་སྐད་ཡིག་ཐོབ་ཐང་གི་ཚོགས་འདུ་ཞིག་དྷ་རམ་ས་ལ་ནས་འཚོགས་མ་ཐུབ་པ་རེད་ཅེས་དྲིས་བར། ཁོང་གིས་ངས་ནམ་རྒྱུན་རྨི་ལམ་ཆེན་པོ་ཞིག་རྨི་བཞིན་ཡོད་པ་དེ་ནམ་ཞིག་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་ཆེན་དེ་ལྷ་ས་རུ་འཚོགས་རྒྱུ་དེ་ཡིན་ཅེས་ལན་སྤྲད་བྱུང་། ཉིན་མོ་དེར་ང་ཚོས་ཁོ་ལ་བསྐྱར་ཏུ་ཆེ་མཐོང་གནང་ངེས་ཡིན། ཞེས་སོགས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།།