དེ་ རིང་ སྔ་ དྲོར་ དྷ་ ས་ ཐེག་ ཆེན་ གཙུག་ ལག་ ཁང་ དུ་ ༧གོང་ ས་ མཆོག་ ལ་ བོད་ མིའི་ ཚོགས་ སྐྱིད་ ཁག་ ལྔ་ ནས་ བརྟན་ བཞུགས་ ཕུལ་ སྐབས། ཡ་ རབས་ སྤྱོད་ བཟང་ བྱས་ ན་ རང་ གཞན་ གྱི་ དོན་ འགྲུབ་ པ་ མ་ ཟད། རྒྱལ་ བའི་ བསྟན་ པ་ རྒྱས་ པར་ ཕན་ ཐོགས་ སྐོར་ གསུངས་ སོང་ །
དེ་
བརྟན་ བཞུགས་ ཀྱི་ མནྜལ་ ལྗགས་ བཤད་ སོགས་ ཆོ་ ག་ རྣམས་ གྲུབ་ རྗེས། ༧གོང་ ས་ མཆོག་ གིས་ བརྟན་ བཞུགས་ ཀྱི་ སྙིང་ དོན་ སྐོར་ བཀའ་ སློབ་ གནང་ དོན། བརྟན་ བཞུགས་ ཟེར་ བ་ འདིའི་ རྩ་ བ་ ཐུག་ ས་ དེ་ དམ་ ཚིག་ ལ་ ཐུག་ བསྡད་ ཡོད་ པ་ རེད། ཆོས་ ཕྱོགས་ ནས་ བཤད་ པ་ ཡིན་ ན་ དམ་ ཚིག་ ལ་ ཐུག་ གི་ ཡོད་ པ་ དང་ ། སྤྱིར་ བཏང་ གིས་ མིའི་ འགྲོ་ སྟངས་ ཀྱི་ ཐོག་ ནས་ བཤད་ ནའང་ སེམས་ བག་ ཕེབས་ པོ་ དང་ སེམས་ སྐྱིད་ ལུགས་ ལ་ ཁྱད་ པར་ ཡོད་ པ་ ཡོངས་ གྲགས་ རེད། ཁྱེད་ རང་ ཚོ་ ཚང་ མས་ ཆོས་ ཕྱོགས་ ཀྱི་ ཐོག་ ནས་ བཤད་ ན་ དད་ པ་ དམ་ ཚིག་ གཡོ་ བ་ མེད་ པ་ གནང་ བ་ དེ་ ཞེ་ དྲག་ ཡག་ པོ་ རེད། བླ་ མ་ དང་ སློབ་ མའི་ འབྲེལ་ བ་ ཡོད་ པ་ ཞིག་ ཡིན་ ན་ སློབ་ མའི་ ངོས་ ནས་ དགེ་ སྦྱོར་ བསྒྲུབ་ དགོས་ པ་ རེད། བླ་ མས་ ཡུལ་ ལུགས་ བཤད་ པ་ དེ་ ཚོ་ སློབ་ མས་ བློར་ བཅངས་ རྒྱུ་ གལ་ ཆེན་ པོ་ རེད།
བླ་ མས་ ལབ་ པའི་ ནང་ དུ་ རྒྱུ་ མཚན་ མེད་ པ་ ཞིག་ ཡོང་ གི་ འདུག་ ན་ ཁ་ ཁ་ རེད་ མ་ གཏོགས་ རྒྱུ་ མཚན་ ལྡན་ པ་ ཞིག་ ཡིན་ ན་ ཉམས་ ལེན་ དགོས་ པ་ རེད། མདོ་ དོན་ སྙིང་ པོར་ ཁྱེད་ རང་ ཚོས་ སེམས་ པ་ བཟང་ པོ་ བྱེད་ དགོས་ པ་ རེད། རེ་ ཟུང་ རེད་ མ་ གཏོགས་ སྤྱི་ ཡོངས་ ནས་ བོད་ གཞིས་ བྱེས་ གཉིས་ ཀྱི་ བོད་ མི་ ཚོ་ སེམས་ པ་ བཟང་ པོ་ ཡོད་ པའི་ མཐོང་ ཚུལ་ ཡོད་ ལ། མཐོང་ ཚུལ་ དེ་ རིན་ ཐང་ ཅན་ ཞིག་ ཡིན་ པས་ ང་ ཚོ་ ཚང་ མས་ གཙོ་ བོ་ སེམས་ པ་ བཟང་ པོ་ དང་ ཡ་ རབས་ སྤྱོད་ བཟང་ བྱས་ ཏེ། མ་ རབས་ ཐ་ ཤལ་ གྱི་ བྱ་ སྤྱོད་ རིགས་ ཁྱོན་ ནས་ བྱེད་ རྒྱུ་ ཡོད་ པ་ མ་ རེད། བོད་ སྤྱི་ པའི་ དོན་ ལ་ དེས་ ཕན་ གྱི་ ཡོད་ ལ། སོ་ སོ་ སྒེར་ གྱི་ དོན་ དག་ ལའང་ དེས་ ཕན་ གྱི་ ཡོད་ པ་ རེད། ཚེ་ འདི་ ཕྱི་ གཉིས་ ལ་ དེས་ ཕན་ གྱི་ རེད། རྒྱལ་ བའི་ བསྟན་ པར་ ཞབས་ འདེགས་ ཟེར་ བ་ དེ་ དེ་ ལྟར་ བསྒྲུབ་ རྒྱུ་ རེད་ མ་ གཏོགས་ ཆོས་ ལ་ དད་ པ་ ཡོད་ ཀྱང་ སོ་ སོའི་ ངོས་ ནས་ དགེ་ བའི་ བླངས་ དོར་ ཆོས་ དང་ མཐུན་ པ་ ཞིག་ མེད་ པར་ བསྟན་ པ་ རྒྱས་ པར་ ཤོག་ ཅེས་ སྨོན་ ལམ་ བརྒྱབ་ ན་ བསྟན་ པ་ རྒྱས་ རྒྱུ་ ཡོད་ པ་ མ་ རེད། ཅེས་ གསུངས་ སོང་ །
ཁོང་
ཡང་ ཁོང་ གིས་ བརྟན་ བཞུགས་ ཕུལ་ མཁན་ མང་ པོ་ ཡོང་ གི་ ཡོད་ སྟབས། མ་ འོངས་ པར་ ཚང་ མ་ ཟླ་ སྒྲིལ་ བྱས་ ན་ སྟབས་ བདེ་ ཡོད་ པ་ དང་ ། དེ་ སྔོན་ དགུང་ ལོ་ ༡༣ དགུང་ ཀེག་ ཐོག་ ཁྲལ་ ཙམ་ གྱི་ ཐོག་ ནས་ བརྟན་ བཞུགས་ མང་ པོ་ ཕུལ་ ཡོད་ པ་ དང་ ། དགུང་ ལོ་ ༢༥ ཐོག་ རྒྱ་ ནག་ གིས་ བོད་ ཡུལ་ བཙན་ བཟུང་ བྱས་ ཏེ་ བོད་ མི་ ཚོ་ རང་ ཉིད་ ཀྱི་ ལུང་ པ་ དང་ ཁ་ བྲལ་ ནས་ བཙན་ བྱོལ་ དུ་ ཡོང་ དགོས་ ཁེལ་ ཡོད་ པ་ དང་ ། ད་ ལྟ་ ལོ་ འཁོར་ མོ་ རྩིས་ པ་ ཡིན་ ན་ དགུང་ ལོ་ ༨༠ ལ་ ཕེབས་ ཡོད་ ཀྱང་ ། པུས་ མོར་ དཀའ་ ངལ་ ཏོག་ ཙམ་ ཡོད་ པ་ མ་ གཏོགས་ སྐུ་ གཟུགས་ བདེ་ ཐག་ གཅོད་ ཡོད་ པས། སྐུ་ གཟུགས་ གནས་ སྟངས་ ཀྱི་ ཐོག་ ནས་ ལོ་ བརྒྱ་ ཕྲག་ བར་ བཞུགས་ ཐུབ་ པའི་ ཆ་ རྐྱེན་ ཡོད་ སྐོར་ སོགས་ གསུངས་ སོང་ །
ཆོ་ འཕྲུལ་ དུས་ ཆེན་ དང་ སྟབས་ བསྟུན་ ནས་ སང་ ཉིན་ ཞོགས་ པའི་ ཆུ་ ཚོད་ ༨།༣༠ ནས་ ཐེག་ ཆེན་ ཆོས་ གླིང་ གཙུག་ ལག་ ཁང་ དུ། ༧གོང་ ས་ མཆོག་ གིས་ དད་ ལྡན་ སེར་ སྐྱ་ མི་ མང་ ལ་ སྐྱེས་ རབས་ གསུང་ ཆོས་ བཀའ་ དྲིན་ བསྩལ་ རྒྱུ་ ཡིན་ པ་ དང་ ། སྐབས་ དེར་ དབྱིན་ སྐད་ དང་ རྒྱ་ སྐད། ཝེ་ ནམ་ གྱི་ སྐད། ར་ ཤི་ ཡའི་ སྐད་ བཅས་ ཀྱི་ ནང་ དུ་ ཐད་ ཀར་ གསུང་ བསྒྱུར་ རྒྱང་ སྲིང་ གནང་ རྒྱུ་ ཡིན་ འདུག
གསར་ འགོད་ པ། པདྨ་ མཚོ
དུས་བབ་དྲ་བ་ནས།

