རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བལ་ཡུལ་ནང་གི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེ་བྱེད།

བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་ཀྱི་མི་ཤི་རྨས་ཀྱི་གྲངས་ཚད་མུ་མཐུད་འཕར་བཞིན་ཡོད་པ་དང་། བོད་ནང་གི་གཞིས་རྩེའི་སྐྱིད་གྲོང་དང་གཉའ་ལམ་སོགས་ཀྱི་བོད་མི་ ༡༧ ཙམ་འདས་གྲོངས་སུ་སོང་ཡོད་འདུག་ལ། དེ་རིང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ཀྱིས་གདུང་སེམས་མཉམ་སྐྱེ་དང་སེམས་གསོའི་གསུང་འཕྲིན་བསྩལ་འདུག

དེ་རིང་བསྐྱར་དུ་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌའུ་དང་པོག་རྭ་སོགས་སུ་ཚད་རིམ་ ༧།༩ ཅན་གྱི་ས་འགུལ་བྱུང་བའི་ཁྲོད། དེ་རིང་དགོང་མོའི་ཆུ་ཚོད་ ༡༡ བར་འདས་གྲོངས་སུ་སོང་བའི་མི་གྲངས་ ༢༤༠༠ ལ་འཕར་ཡོད་པ་དང་རྨས་སྐྱོན་ཕོག་མཁན་ ༥༩༠༠ ཙམ་བྱུང་ཡོད་འདུག ད་དུང་མུ་མཐུད་དུ་མི་ཤི་བའི་གྲངས་ཀ་འཕར་བཞིན་ཡོད་པ་མ་ཟད། གསར་དུ་ཤེས་རྟོགས་བྱུང་བའི་རྨས་མ་དང་བོར་བརླགས་སུ་སོང་བའི་མི་གྲངས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
ཁ་སང་གི་ས་འགུལ་དེས་བལ་ཡུལ་གྱི་ཤར་བྱང་བོད་ལྗོངས་གཞིས་རྩེ་དང་གཉའ་ལམ། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ། སྤུ་ཧྲེང་། མངའ་རིས་སོགས་སུ་ཤུགས་རྐྱེན་ཐེབས་ཏེ། ད་སྔ་ཤེས་རྟོགས་བྱུང་བར་ས་ཁུལ་དེ་དག་ནང་གི་བོད་མི་ ༡༧ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༥༥ ཙམ་ལ་རྨས་སྐྱོན། མི་ ༦ ཙམ་བོར་བརླགས་བཅས་བྱུང་ཡོད་འདུག གཞན། ས་ཁུལ་དེ་དག་གི་ཁང་པ་ ༡༡༩༡ དང་དགོན་སྡེ་ ༡ ཙམ་ལ་བརྡིབས་སྐྱོན་དང་། ཁང་པ་ ༥༨༢༨ དང་དགོན་སྡེ་ ༥༤ ཙམ་ལ་ཚད་མི་འདྲ་བའི་གཏོར་སྐྱོན། ཁྱོན་མི་གྲངས་འབུམ་ ༢ ཙམ་ལ་གནོད་འཚེ་ཕོག་ཡོད་འདུག
ཁ་སང་གི་ས་ཡོམ་གྱིས་བལ་ཡུལ་ནང་གི་བོད་པའི་དགོན་སྡེ་ཁག་ཅིག་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ཀ་ཐ་མ་ཌའུ་དང་པོག་ར། མཆོད་རྟེན་ཁུལ་བཅས་ཀྱི་བོད་པའི་ཁང་རྩེག་འགའ་རེར་ཡང་གཏོར་སྐྱོན་ཐེབས་ཡོད་ཀྱང་། ད་སྔ་བོད་མིར་ཤི་རྨས་ཀྱི་གནས་ཚུལ་རིགས་འཐོན་མི་འདུག
ཁ་སང་གི་ས་ཡོམ་དེ་རྒྱ་གར་བྱང་ཤར་ཁུལ་བཅས་སུའང་ཤུགས་རྐྱེན་ཐེབས་ཡོད་འདུག་ལ། དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༨ ཙམ་ལ་བསླར་ཡང་རྒྱ་གར་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ། དེ་བཞིན། རྗེ་པུར་དང་། འབྲུག་གི་རྒྱལ་ས་ཐིམ་ཕུག་བཅས་ཚད་རིམ་ ༥།༠ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ། ས་གནས་རེ་ཟུང་ནང་གི་ཁང་པ་དང་ལམ་ཁ་སོགས་ལ་གཏོར་སྐྱོན་བྱུང་ཡོད་ཀྱང་ད་སྔ་མི་ལ་ཤི་རྨས་ཐེབས་པའི་གནས་ཚུལ་མི་འདུག
དེ་རིང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་སུ་ཤིལ་ཀོ་ར་ལ་ Sushil Koirala མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལཡོད་པའི་ནང་། བལ་པོ་དང་བོད་མི་གཉིས་ནི་ལོ་རྒྱུས་ཐོག་ནས་ཁྱིམ་མཚེས་ཀྱི་འབྲེལ་བ་རྒྱུན་རིང་ནས་གནས་ཡོད་པ་མ་ཟད། བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ད་ལྟ་བལ་ཡུལ་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་ཐེངས་འདིར་རང་བྱུང་གི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་གསོལ་འདེབས་སྨོན་ལམ་བྱེད་རྒྱུ་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཕོག་པ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། བལ་ཡུལ་མི་མང་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་ཆེད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་ངལ་སེལ་རོགས་དངུལ་ཆེད་ཞལ་འདེབས་འབུལ་དགོས་པ་བཀོད་མངགས་བྱས་ཡོད། ཅེས་བཀོད་འདུག
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཀྱང་དེ་རིང་གཟའ་ཉི་མར་ཛ་དྲག་གི་ཚོགས་འདུ་བསྐོངས་ཏེ། བལ་ཡུལ་དང་རྒྱ་གར་བྱང་ཤར་ཁུལ། དེ་བཞིན་བོད་ནང་བཅས་སུ་ས་ཡོམ་བརྒྱབ་པར་བློ་ཕམ་དང་། ཚེས་སང་ཉིན་ཚེས་ ༡༧ ཉིན་གྱི་ཆུ་ཚོད་ ༤ པའི་སྟེང་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང་། བལ་སྒོར་འབུམ་ ༢༠ ཙམ་གནང་སྟེ་ངལ་སེལ་རོགས་སྐྱོར་བྱ་རྒྱུ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་གཞིས་ཆགས་ཁག་གི་ས་གནས་གོ་འཛིན་བཅས་པར་བལ་ཡུལ་ས་ཡོམ་ཐད་ངལ་སེལ་ཞལ་འདེབས་འདུ་སློང་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། ཐེངས་འདིར་རང་བྱུང་གི་གོད་ཆག་འོག་ཚུད་པ་རྣམས་ལ་སྡུག་བསྔལ་ཇི་བྱུང་ཚིགས་ཐོག་ནས་བརྗོད་ལས་འདས་ཀྱང་། བལ་ཡུལ་དང་རྒྱ་གར་བྱང་ཕྱོགས། དེ་བཞིན་བོད་ནང་གི་བོད་མི་བཅས་ལ་ང་ཚོས་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ངོས་ཀྱིས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་སླད་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད། ས་ཡོམ་གྱི་གོད་ཆག་འོག་མྱོང་བཞིན་པའི་གཞུང་དམངས་གཉིས་ལ་མགྱོགས་མྱུར་དཀའ་སྡུག་ལས་གྲོལ་བས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག
ད་རེབ་བལ་ཡུལ་ནང་གི་གོད་ཆག་ཐད། བལ་ཡུལ་ནང་གི་བོད་པའི་དགོན་སྡེ་མང་པོ་ཞིག་གིས་གདུང་སེམས་སྐྱེས་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་དགོན་སྡེ་དཔལ་སྤུངས་ཤེས་རབ་གླིང་དང་། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་སོགས་དང་། བོད་ནང་གི་གསེར་རྟ་བླ་རུང་དགོན་པ། དེ་བཞིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་པའི་ཆོས་ཚོགས་ཁག་བཅས་ཀྱིས་སྨོན་ལམ་མཆོད་འབུལ་གནང་ཡོད་འདུག་ལ། ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་། རྒྱལ་བ་ཀརྨ་པ་མཆོག་བཅས་ཀྱིས་ཀྱང་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་འདུག
ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེས་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་གཞུང་གིས་ཆེད་མཁས་མྱུར་སྐྱོབ་པའི་རུ་ཁག་ཅིག་དང་། འཕྲལ་སེལ་རོགས་དངུལ་ཨ་སྒོར་ས་ཡ་གཅིག བཟའ་བཏུང་དང་། ཉལ་ཆས་སོགས་བལ་ཡུལ་དུ་ཆེད་གཏོང་བྱས་ཡོད་སྐོར་བརྗོད་འདུག དེ་བཞིན། འབྲུག་དང་པ་ཀི་སི་ཐན། རྒྱ་ནག་སོགས་བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་སྔ་གཞུག་འགྲན་ཏེ་སེམས་གསོའི་གསལ་བསྒྲགས་དང་རོགས་སྐྱོར་མི་སྣ་སོགས་གཏོང་བཞིན་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བལ་ཡུལ་སྲིད་འཛིན་ལ་ཁ་པར་བཏང་སྟེ།  བལ་བོའི་མི་མངགིསདཀའ་སྡུག་ལ་གདོང་ལེན་བྱས་ཏེ་གནོད་འཚེ་ལས་རྣམ་པར་རྒྱལ་པའི་ཡིད་ཆེས་ཡོད། གནོད་ཚབས་ཀྱི་གནད་འགག་འདིར། ཀྲུང་གོའི་མི་མང་བློ་སེམས་བརྟན་པོས་ངང་བལ་བོའི་མི་མང་དང་གཞོགས་གཅིག་ཏུ་འགྲེངས་ངེས་ཤིང་། ཀྲུང་གོའི་ཕྱོགས་ནས་བལ་བོར་གནོད་སེལ་རོགས་སྐྱོར་གྱི་དགོས་ངེས་ཅི་ཡོད་མཁོ་སྤྲོད་གནང་འདོད་ཡོད། ཅེས་སོགས་བརྗོད་དེ། འདང་ནུབ་རྒྱ་ནག་གི་མྱུར་སྐྱོབ་དམག་མི་ ༦༢ དང་དྲི་སྣོམ་ཁྱི་ ༦ བཅས་བཏང་ཡོད་འདུག་ལ། དེ་རིང་སླར་ཡང་མྱུར་སྐྱོབ་དམག་མི་དང་རྨས་མར་སྨན་བཅོས་ཡོ་ཆས། གནོད་ཐེབས་མང་ཚོགས་ལ་བཟའ་ཆས་སོགས་ཆེད་གཏོང་བྱས་ཡོད་འདུག
དུས་བབ་དྲ་བ་ནས།།