རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་མིར་གནོད་སྐྱོན་ཆེན་པོ་ཐེབས་མི་འདུག་ཟེར།

བལ་ཡུལ་ནང་ས་ཡོམ་བརྒྱབ་པའི་ཁྲོད་བོད་མི་ཚོར་གནོད་འཚེ་ཕོག་ཡོད་མེད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་བཅར་འདྲི་ཞུས་པར། བོད་མིའི་རྒན་གསོ་ཁང་དང་སྐུ་ཚབ་དོན་གཅོད་ཀྱི་ཁང་པར་གནོན་སྐྱོན་ཕྲན་བུ་བྱུང་ཡོད་པ་ལས་མི་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་གསལ་བོ་མི་འདུག་གསུངས་བྱུང་

དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ། ཟླ་འདིའི་ཚེས་ ༢༥ ཉིན་བལ་ཡུལ་དུ་ཚད་རིམ་ ༧།༩ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བྱུང་ཡོད་པའི་ཁྲོད། བལ་སྡོད་བོད་མི་ཚོར་གནོད་འཚེ་ཐེབས་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་མོས་འདི་ལྟར་ངོ་སྤྲོད་གནང་སོང་། “བལ་ཡུལ་ལ་ས་ཡོམ་བྱུང་བ་དང་བོད་ཀྱི་ས་ཁུལ་ཁག་ཞིག་དང་། རྒྱ་གར་གྱི་མངའ་སྡེ་གཉིས་བཅས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། དེ་ཚོ་ཚོང་མའི་ཐོག་ལ་ང་ཚོར་བློ་ཚབས་ཆེན་པོ་ཡོད། ཁ་སང་བཀའ་ཤག་གིས་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་པ་དང་། གནས་ཚུལ་དེ་གོ་མ་ཐག་ང་ཚོའི་ནང་སྲིད་ལས་ཁུངས་ཀྱིས་བལ་ཡུལ་ལ་འབྲེལ་བ་བྱས་ཏེ། ས་གནས་མགོ་འཛིན་གཅིག་གཉིས་ཤིག་ལ་འབྲེལ་བ་ཞུ་ཐུབ་སོང་། དེ་བཞིན། དེ་རིང་ཞོགས་པར་ལས་ཁུངས་ཚོགས་པ་དང་བལ་ཡུལ་གྱི་གནས་སྟངས་དང་། ལྷག་པར་དུ་བོད་པའི་གཞིས་ཆགས་ཁག་དང་བོད་མི་ཚོར་གནོད་སྐྱོན་ཕོག་ཡོད་མེད་ཐོག་ང་ཚོས་ཚོགས་འདུ་ཚོགས་པ་ཡིན། སྐད་ཆ་བརྟན་པོ་རང་མི་འདུག་མོད་སྤྱི་ཚོགས་བརྒྱུད་ལམ་སོགས་སུ་བོད་པ་གཅིག་འདས་གྲོངས་སུ་ཕྱིན་འདུག་ཟེར་བ་ཞིག་དང་། ཡང་ཁག་ཅིག་གིས་ཨ་ནེ་གཅིག་ལའང་སྐྱོན་ཕོག་འདུག་ཟེར་བ་ཞིག་གོ་རྒྱུ་འདུག བོད་པ་ཚོའི་ཁང་པར་སྐྱོན་ཆག་ཤོར་བ་བྱུང་འདུག ད་དུང་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་ཡོད། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༠༠ པར་གཙུག་ལག་ཁང་དུ་མཆོད་འབུལ་ཞིག་ཡོད་པ་རེད། དེའི་ཐོག་ནས་གསལ་བོ་ཞིག་ཆགས་ཡོང་གི་རེད།
ང་ཚོས་སེམས་ཚབ་ཆེས་ཤོས་དེ་བལ་ཡུལ་ཁུལ་དུ་ཡོད་པའི་ང་ཚོའི་རྒན་གསོ་ཁང་ཁག་དང་། རྒན་འཁོགས་དེ་ཚོའི་གནས་སྟངས་ག་རེ་ཆགས་ཡོད་མེད་དེ་རེད། ཉི་མ་དང་པོ་ནས་ང་ཚོའི་ལས་བྱེད་ཚོས་པར་འབྲེལ་བ་བྱས་ཏེ། རྒན་འཁོགས་གཅིག་ལའང་གནོན་སྐྱོན་བྱུང་མེད་པ་གསལ་བོ་ཆགས་སོང་། ཁང་པའི་ཟུར་ཞིག་ལ་སེར་ཁ་གས་ཡོད་པ་ཞིག་བྱུང་འདུག དེའི་སྐོར་གྱི་པར་དང་གནས་ཚུལ་གཞན་ད་སྔ་ང་ཚོར་རག་མ་སོང་། དེ་བཞིན། པོར་ར་ཁུལ་དུའང་བྱམས་པ་གླིང་རྒན་གསོ་ཁང་ཡོད་ཀྱང་དེ་ཚོར་ཡང་སྐྱོན་བྱུང་མི་འདུག དེ་ནས་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེ་ཤོས་ཤིག་ང་ཚོའི་དོན་གཅོད་ལས་ཁུངས་དེ་ཆགས་ཡོད་པ་རེད། དོན་གཅོད་ལས་ཁུངས་ཀྱི་ཁང་པའི་ཕྱོགས་གཅིག་ལ་སྐྱོན་ཕྲན་བུ་བྱུང་ཡོད་པ་ལས་ང་ཚོའི་ལས་བྱེད་དེ་ཚོར་གནོད་སྐྱོན་གང་ཡང་ཕོག་མི་འདུག” ཅེས་གསུངས་སོང་
གསར་འགོད་པས་བཀའ་བློན་མཆོག་ལ། བལ་ཡུལ་ནང་གི་བོད་མིའི་སྡོད་ཁང་ལ་གནོད་འཚེ་ཕོག་ཡོད་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་རམ་གང་འདྲ་གནང་འཆར་ཡོད་མེད་དྲིས་པར། ཁོང་མོས།  “བལ་ཡུལ་ནང་ཛ་དྲག་གི་གོད་ཆག་བྱུང་པའི་སྐབས་ལ། བལ་ཡུལ་གཞུང་གིས་ཡུལ་མིའི་གནས་བབ་ལ་མ་གཟིགས་པར་སྤྱི་ཡོངས་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་ལྟ་སྐྱོང་སྤྱི་མཚུངས་གནང་གི་ཡོད་པ་ཞིག་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད། དེར་བརྟེན། ད་ལྟའི་ཆ་ལ་ང་ཚོའི་ངོས་ནས་བོད་པ་རང་གི་ཆེད་དུ་ལས་གཞི་འདི་འདྲ་ཞིག་བྱེད་རྒྱུ་ཡིན་ཟེར་ནས་མ་གནང་ན་ཞེས་ང་ཚོའི་ཚོགས་འདུའི་ཐོག་བཀའ་མོལ་བྱུང་སོང་། རིམ་པའི་གནས་ཚུལ་བསླེབས་ཡོང་སྐབས། ཉམ་ཐག་དང་ཁང་པར་སྐྱོན་ཕོག་པ་དེ་འདྲའི་ཐོག་ས་གནས་རང་ནས་ག་རེ་གནང་གི་འདུག དེའི་ཐོག་ལ་འཕར་མ་གནང་དགོས་བྱུང་ན་ང་ཚོས་ཐེ་ཚོམ་མེད་པར་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད། འོན་ཀྱང་། དང་པོ་ནས་མི་འཇོན་འཇོན་མདོག་གིས་བྲོ་འཁྲབ་ན་ཡག་པོ་མི་འདུག དེ་རིང་བལ་ཡུལ་ལ་ཐད་ཀར་ལྟ་མཁན་དམིགས་བསལ་ལས་བྱེད་གོ་སྒྲིག་བྱས་ཡོད། དཔེར་ན། ཉམ་ཐག་ལ་ལྟ་མཁན་སྐུ་ངོ་དྲུང་ཕར་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཉི་མ་དང་པོ་ནས་རྒན་གསོ་ཁང་དང་འབྲེལ་བ་གནང་གི་ཡོད་པ་དང་། དེ་བཞིན་བདེ་སྐྱིད་ལགས་ཀྱིས་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ཁག་ལ་འབྲེལ་བ་བྱེད་བཞིན་ཡོད། ཅེས་གསུངས་སོང་
ད་ཐེངས་ས་ཡོམ་འདིས་མཆོད་རྟེན་བྱ་རུང་ཁ་ཤོར་གནོད་སྐྱོན་བྱུང་ཡོད་པ་དང་དེའི་ཉེས་འགྲམ་དུ་བོད་པ་མང་པོ་ཡོད་སྟབས་དེ་ཚོར་རྨས་སྐྱོན་བྱུང་མེད་སྐོར་ལ་བཀའ་འདྲི་ཞུས་སྐབས། ཁོང་མོས། “མི་གཅིག་ལ་སྐྱོན་བྱུང་བྱ་བྱས་པའི་གནས་ཚུལ་གོ་བ་དེ་མཆོད་རྟེན་ཉེ་འགྲམ་ཆགས་འདུག ཡིན་ན་ད་ལྟ་ད་དུང་གསལ་བོ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག” ཅེས་གསུངས་སོང་
བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་དུ་མི་གྲོངས་པའི་གྲངས་ཚད་མུ་མཐུད་འཕར་བཞིན་ཡོད་པ་དང་། ད་ལྟ་མི་འདས་གྲོངས་སུ་ཕྱིན་པ་ ༣༦༡༧ དང་། རྨས་སྐྱོན་ཕོག་མཁན་ ༦༥༠༠ བཅས་ཆགས་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
དུས་བབ་དྲ་བ་ནས།།