ཁམས་སྟོང་སྐོར་རྩོམ་པ་པོ་གཡུ་མཚོ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ལྷག་ཡོད་ལ། མི་འབོར་ཧ་ལམ་ས་ཡ་གཅིག་ལ་ཉེ། དེ་ལས་བརྒྱ་ཆ་དགུ་བཅུ་ཙམ་ནི་བོད་རིགས་ཡིན། དེ་ཡང་གཞུང་ས་དར་རྩེ་མདོ་གཙོ་བྱས་པའི་རྫོང་ཁག་བཅོ་བརྒྱད་ཡོད་དེ། དར་རྩེ་མདོ། རྟའུ། བྲག་མགོ། དཀར་མཛེས། དཔལ་ཡུལ། ཉག་རོང་། སྡེ་དགེ། གསེར་རྟ། སེར་ཤུལ། རོང་བྲག འབའ་ཐང་། ལི་ཐང་། འདབ་པ། ཕྱག་ཕྲེང་། ཉག་ཆུ་ཁ། ལྕགས་ཟམ་ཁ། བརྒྱད་ཟིལ། སྡེ་རོང་བཅས་ཡིན།འདི་འདྲ་བའི་བོད་རིགས་མི་དམངས་འདུས་ཁུལ་གཙོ་བོ་ཞིག་ལ་སྤྱི་ཡིན་ན་བོད་ཡིག་ཧ་ཅང་དར་བ་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡིན་ཡང་ཆེས་སྐྱོ་དགོས་པ་ཞིག་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་མིང་བཟུང་ནས་ཡོད་པའི་ས་ཆ་འདི་ལ་བོད་ཡིག་མཐོ་འབྲིང་གསུམ་མ་གཏོགས་མེད། སྤྱི་དཀར་མཛེས་རྫོང་ལ་བོད་ཡིག་མཐོ་འབྲིང་གཉིས་ཡོད་ཀྱང་། རྒྱུ་མཚན་གང་མང་ཞིག་གི་དབང་གིས་ད་ལོ་ནས་བཟུང་དཀར་མཛེས་བོད་ཡིག་སློབ་འབྲིང་ཟེར་བ་དེས་སློབ་མ་བསྡུ་མཚམས་འཇོག་རྒྱུ་རེད་ལ། བོད་ཡིག་མཁས་པའི་སློབ་མ་ཟེར་བ་དཀའ་ཡང་མི་རིགས་འདི་ངོས་ཟིན་མཁན་གྱི་སློབ་མ་གང་མང་ཞིག་གསོ་སྐྱོང་བྱེད་མྱོངས་པ་རེད། འདི་ལྟར་ལོ་ངོ་བཅུ་ཙམ་རིང་ལ་ཞིང་འབྲོག་མང་ཚོགས་ཀྱི་སློབ་མ་གང་མང་སྐྱོང་བའི་སློབ་གྲྭ་འདི་ལོ་རྒྱུས་ཤིག་ཏུ་འགྱུར་རྒྱུ་རེད། དེ་ནས་བཟུང་དཀར་མཛེས་རྫོང་ལ་ཁམས་བྱང་བོད་ཡིག་མཐོ་འབྲིང་ལས་མེད་པ་ཆགས་པ་རེད།དར་མདོ་རྫོང་གི་བོད་ཡིག་སློབ་འབྲིང་དེ་ར་རྔ་ཁའི་བོད་ཡིག་སློབ་འབྲིང་ཟེར་བ་དེ་རེད།དེ་ལ་ཡང་འདས་པའི་ལོ་རྒྱུས་ནང་བོད་ཡིག་ལ་དགའ་ཞིང་བོད་ཡིག་ལ་ཞེན་པའི་དགེ་རྒན་མང་ལ་སློབ་མ་ཡང་མང་བའི་ལོ་རྒྱུས་འདུགཡིན་ཡང་དེ་ནས་ཡོང་བའི་ངའི་གྲོགས་མོ་ཞིག་གིས་བཤད་པ་ལྟར་ན། དེང་སང་དེ་རུ་ཡོད་པའི་དགེ་རྒན་མཁས་པ་ཕལ་ཆེར་ལས་གནས་བསྒྱུར་ནས་གཞུང་ཞབས་པ་ལ་འགྲོ་ཚར་བས། དེའི་བོད་ཡིག་ཀྱང་རླུང་འོད་ཀྱི་མར་མེ་བཞིན་དུ་གྱུར་ཡོད་ཟེར། དེ་ནས་གསུམ་པ་དེ་ནི་འབའ་ཐང་ལ་ཡོད་པའི་ཁམས་ལྷོ་མཐོ་འབྲིང་རེད་ཟེར་བ་དེ་རེད།ང་སློབ་གྲྭ་དེ་རུ་འགྲོ་མ་མྱོངས་ལ། དེའི་སྐོར་གྱི་ལོ་རྒྱུས་ཀྱང་མང་པོ་ཤེས་ཀྱིན་མེད།ཡིན་ཡང་དེང་སང་བར་དུ་ང་ལ་སློབ་ཆེན་མང་པོ་རུ་བོད་ཡིག་ཆེད་སྦྱོང་བྱེད་པའི་སློབ་གྲོགས་ཡོད་ཀྱང་། ང་ཁམས་ལྷོ་ནས་ཡིན་ཟེར་མཁན་གྱི་སློབ་མ་ནི་དངོས་གནས་ཧ་ཅང་གི་དཀོན་པོ་རེད་ཟེར། དེ་ལས་ང་ཚོས་མང་པོ་བཤད་མ་དགོས་པ་ཧ་ཅང་གསལ་པོ་ཞིག་ཤེས་ཀྱིན་འདུག འདི་ནི་དེང་སང་དཀར་མཛེས་ཁུལ་དུ་བོད་ཡིག་སྦྱོང་བའི་གནས་ཚུལ་རེད། འདི་ནི་བོད་མི་ས་ཡ་གཅིག་གི་བོད་ཡིག་ལ་མཐོང་ཆེན་བྱེད་པའི་མཇུག་འབྲས་རེད། སྤྱི་དོན་འདི་ནི་ཅི་བཞིན་བརྗོད་པའི་ཐབས་ལ་བརྟེན་ནས་བྲིས་པ་ཡིན།ཡིན་ཡང་བོད་མི་ས་ཡ་གཅིག་ཙམ་ཡོད་པའི་ས་ཆ་ཞིག་ལ་བོད་ཡིག་མཐོ་འབྲིང་གསུམ་ལས་མེད་ཟེར་ན་དངོས་ནས་དེ་ནི་མི་སྲིད་པའི་དོན་ཞིག་གི་ནང་དུ་འགྲོ་གྱིན་མི་འདུག་གམ། སློབ་གྲྭ་ཆེན་མོའི་དགེ་རྒན་དང་སློབ་མ་རྣམས་ཀྱིས་ཕལ་ཆེར་ཤེས་རྒྱུ་རེད།དཀར་མཛེས་ནས་ཡོང་བའི་སློབ་མ་རྣམས་བོད་ཡིག་ཧ་ཅང་སྐྱོ་བོ་ཡོད་པ་རེད། དེ་ཡང་ང་ལ་ཡང་འདིའི་སྐོར་ལ་མང་པོ་གླེང་མཁན་ཡོང་མྱོངས།ནུབ་བྱང་མི་རིགས་སློབ་གྲྭ་རུ་ཡོད་པའི་གྲོགས་པོ་གྲོགས་མོ་ཁ་ཤས་ཀྱིས་དཀར་མཛེས་ནས་ཡོང་བའི་སློབ་མ་རྣམས་ཀྱིས་ཆང་དང་འཛིང་རྒྱུ་མ་གཏོགས་ཅི་ཡང་ངོ་ཤེས་ཀྱིན་མ་རེད་ཟེར་ལ།ལྷོ་ནུབ་མི་རིགས་ཀྱི་གྲོགས་པོ་གྲོགས་མོ་ཁ་ཤས་ཀྱིས་དཀར་མཛེས་ནས་ཡོང་བའི་སློབ་མ་རྣམས་ཀྱིས་དབྱངས་གསལ་སོ་བཞི་ངོ་ཤེས་ཙམ་རེད་ལ།འདི་རུ་ཡོང་རྗེས་འཁྱམས་རྒྱུ་མ་གཏོགས་གང་ཡང་ཤེས་ཀྱིན་མ་རེད་ཟེར།མཚོ་སྔོན་མི་རིགས་སློབ་ཆེན་གྱིས་དཀར་མཛེས་ཕྱོགས་ནས་སློབ་མ་བསྡུ་བ་ཧ་ཅང་ཉུང་ཉུང་རེད།འདི་ཚོ་ཚང་མ་ནི་དཀར་མཛེས་ཁུལ་གྱི་སྐྱོ་གར་ཞིག་རེད་ལ། ང་ཚོའི་བོད་མིའི་སྐྱོ་གར་ཞིག་ཀྱང་ཅི་ལ་མིན། ཁྱད་པར་དུ་དེང་སང་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་སློབ་གྲྭ་ཆུང་བ་དང་བུ་བཅོལ་ཁང་དུ་སོང་ནས་ཅིག་བལྟས་ན།དངོས་གནས་སེམས་སྐྱོ་བའི་མིག་ཆུ་རང་དབང་མེད་པ་ཤོར་སྲིད།ཨ་མ་བོད་ཨ་ཕ་བོད་ཡིན་ཟེར་མཁན་གྱི་སློབ་མ་མཐའ་དག་གིས་སི་ཁྲོན་གྱི་རྒྱ་སྐད་དེ་ཆུ་རྒྱུགས་རྒྱུགས་བྱས་ནས་བཤད་བཞིན་ཡོད། འདི་ནི་དེང་སང་དཀར་མཛེས་ཁུལ་གྱི་གནས་ཚུལ་ཞིག་རེད།དེ་ཡང་སྤྱི་བཤད་ན་ལྷ་ས་ལ་མི་རིགས་གཞན་པ་མང་ལ།སློབ་ཆུང་སློབ་མ་ཚོས་རྒྱ་སྐད་བཤད་ཁོ་ཐག་རེད་བསམ་མྱོངས། ཡིན་ཡང་ན་ནིང་ང་ལྷ་སར་འགྲོ་དུས་ཆེད་དུ་སློབ་ཆུང་བཞི་ལྔ་ཞིག་ནང་དུ་སོང་ནས་འདིའི་སྐོར་ལ་ཅིག་བལྟས་པ་ཡིན། དེ་ཡང་ཆེས་དགའ་འོས་པ་ཞིག་ནི་ལྷ་སའི་སློབ་ཆུང་སློབ་མ་བརྒྱ་ཆ་བརྒྱད་ཅུས་བོད་སྐད་གཙང་མ་རྒྱག་བཞིག་འདུག འདི་ནི་ང་ལྷ་ས་སོང་ནས་མཐོང་བའི་དགའ་འོས་པའི་དོན་དག་ཅིག་ཁོ་ན་དེ་རེད། དེ་ཡང་དཔེ་ང་ལྟ་བུ་ཞིག་ལ་མཚོན་ན་ལོ་ངོ་དྲུག་ཙམ་ནས་ད་ལྟ་བར་དུ་བོད་ཡིག་སྦྱོང་ཁུལ་བྱེད་པ་ཡིན་ལ།བོད་ཡིག་དེ་ང་རང་གིས་སྲོག་ལྟ་བུ་ཞིག་ཏུ་འཛིན་ནས་སྦྱོང་ཁུལ་བྱེད་པ་ཡིན། དེ་ཡང་གོ་སྐབས་འདི་ནི་དེང་སང་སྒོ་རྒྱག་ལ་ཉེ་བའི་དཀར་བོད་སློབ་འབྲིང་གི་གནང་བ་རེད་ལ། ཁྱད་པར་དུ་ལྷག་བསམ་རྣམ་དག་ལྡན་པའི་དགེ་རྒན་དེ་ཚོའི་བཀའ་དྲིན་རེད།སྔོན་མ་ཡིན་ན་ང་རང་གིས་བོད་ཡིག་ཡག་པོ་ཞིག་ཤེས་དང་།དཀར་མཛེས་ཀྱི་སློབ་མ་ཚོ་ཡང་བོད་ཡིག་དེ་འདྲ་སྐྱོ་བོ་ཡིན་རྒྱུ་མ་རེད་ཅེས་འདོད་ཀྱིན་ཡོད།ཡིན་ཡང་མཚོ་སྔོན་དང་ཀན་སུའུ་ནས་ཡོང་བའི་སློབ་མ་ཚོའི་ཆ་སྙོམས་ཀྱི་བོད་ཡིག་ཆུ་ཚད་དེ་མཐོང་དུས། མི་རིགས་སློབ་ཆེན་ནང་གི་བོད་ཡིག་གི་སྡེ་ཁག་གི་སློབ་མ་ཕལ་ཆེར་ཨ་མདོ་ནས་ཡིན་པ་ཤེས་དུས།གཞི་ནས་དཀར་མཛེས་ཁུལ་རྗེས་སུ་ལུས་པ་ཤེས་སོང་། གཞི་ནས་དཀར་མཛེས་ནས་ཡོང་བའི་སློབ་མ་རྣམས་ཀྱིས་བོད་ཡིག་དེ་སྐྱོ་བོ་ཡིན་པ་ཤེས་སོང་། ཉིན་འདི་དག་རིང་ཨ་ཅག་བློ་གསལ་གྱིས་ཁོའི་སློབ་གྲྭ་རུ་བོད་ཡིག་དགེ་རྒན་ཚང་མ་ཨ་མདོ་ནས་ཡིན་པ་དང་། དཀར་མཛེས་ཁུལ་ཕྱོགས་ནས་བོད་ཡིག་དགེ་རྒན་གཅིག་ཀྱང་རག་མ་སོང་བ་དང་། དཀར་མཛེས་ཁུལ་གྱི་བོད་ཡིག་སྐོར་ལ་ཤུགས་རྒྱག་དགོས་པའི་སྐོར་གླེང་མོལ་བྱེད་དུས།གཞི་ནས་འདིའི་སྐོར་ལ་བསམ་བློ་རེ་གཏོང་བ་ཡིན་ལ། ཨ་ཅག་བློ་གསལ་དང་ཨ་ཅག་བཀྲ་ཤིས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་དེང་སང་ལི་ཐང་དུ་གྱང་པ་སློབ་འབྲིང་ཟེར་བ་ཞིག་བྱུང་ཡོད་ལ། དེ་རུ་ཡོད་པའི་སློབ་མ་དྲུག་བརྒྱ་ལྷག་གིས་བོད་ཡིག་དེ་སྲོག་བཞིན་འཛིན་ནས་སྦྱོང་བཞིན་ཡོད་པ་ཤེས་དུས།དངོས་གནས་སེམས་དགའ་བོ་བྱུང་ལ། འདི་དང་འདི་ལྟ་བུ་སློབ་གྲྭ་རེ་་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོ་ལ་ཡོད་ན་ཅི་མ་རུང་ཡང་སྙམ་བྱུང་།སྤྱི་ང་ལྟ་བུ་ཞིག་ལ་མཚོན་ན་བོད་ཡིག་ཆུང་དུས་སྦྱོང་ཁུལ་བྱེད་ཀྱང་ཆུ་ཚད་དངོས་གནས་སྐྱོ་བོ་ཡིན་པས། རྩོམ་འདི་འདྲ་རེ་བྲིས་ནས་ཀུན་གྱིས་སྔོན་ལ་བཤམས་དགོས་ན་དངོས་གནས་ཧ་ཅང་དཀའ་མོ་འདུག་ལ་ངོ་ཡང་ཚ་གྱིན་འདུག ཡིན་ཡང་དོན་དངོས་འདི་དག་ཡིག་ཐོག་ཏུ་བཀོད་ན་ཀུན་ལ་ཁྱབ་བསྒྲགས་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ལྟ་བུ་ཞིག་ཏུ་ཆགས་ཡོད་པས། དག་ཆ་ཞན་ཡང་སྙན་ཆ་མེད་ཀྱང་དོན་དངོས་རེ་གསལ་བསྒྲགས་བྱེད་ཆེད་རང་གི་ངོ་ཚ་དེ་ཁྱིམ་དུ་བཞག་ནས་བྲིས་པ་ཡིན། དེ་ཡང་དེང་སང་དཀར་མཛེས་ཁུལ་དུ་མཚོ་སྔོན་ནས་ཡོང་བའི་དགེ་རྒན་མང་པོ་ཞིག་གིས་ལྷག་བསམ་རྣམ་དག་གིས་སློབ་མ་སྐྱོང་བཞིན་འདུག་ལ་མ་འོངས་པ་ཡང་ང་ཚོས་མདོ་དབུས་ཁམས་གསུམ་སོགས་མ་དབྱེ་ནས་དཀར་མཛེས་ཁུལ་གྱི་བོད་ཡིག་ཕྱོགས་ལ་རོགས་རམ་དང་རྒྱབ་སྐྱོར་ཡོད་པ་མཆིས། དེ་ཡང་དཔེ་རྔ་བ་ཁུལ་ལ་མཚོན་ན་དགེ་རྒན་འཇམ་དབྱངས་བཀྲ་ཤིས་དང་ཁྲོ་བོ་རྒྱལ་མཚན་སོགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་ཡིག་ཕྱོགས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པས། བོད་ཡིག་ལ་མཁས་པའི་སློབ་མ་གང་མང་ཞིག་འདུགདཀར་མཛེས་ཁུལ་དུ་ཡང་དེ་དང་དེ་འདྲ་བའི་དབུ་ཁྲིད་གང་མང་ཡོང་ནས་རྒྱབ་སྐྱོར་རེ་བྱས་ནས་ཅི་མ་རུང་ཟེར་བ་དེ་ཡིན། |
