ཁ་ སང་ ཕྱི་ ཚེས་ ༡ ཉིན་ སྔ་ དྲོར་ ཁམས་ ཆབ་ མདོ་ ཀརྨ་ དགོན་ པར་ གྲྭ་ བ་ བྱས་ མྱོང་ མཁན། ད་ ཆར་ རང་ ལོ་ ༤༦ ཡིན་ པ་ བསྟན་ འཛིན་ ཕུན་ ཚོགས་ ཞུ་ བ་ ཞིག་ གིས་ རང་ ལུས་ མེར་ བསྲེགས་ བཏང་ སྟེ་ རྒྱ་ གཞུང་ ལ་ ངོ་ རྒོལ་ བྱས་ འདུག སྐབས་ དེར་ ཁོང་ གིས་ ལག་ ཏུ་ ཡིག་ ཆ་ འདྲ་ མིན་ གཏོར་ འགྲེམས་ བྱེད་ བཞིན་ སྐད་ འབོད་ བརྒྱབ་ ཡོད་ ཀྱང་ ། ཡིག་ ཆ་ དེ་ དག་ གི་ ནང་ དོན་ དང་ འབོད་ ཚིག་ ནང་ དོན་ སོགས་ གསལ་ བོ་ རྟོགས་ ཐུབ་ མི་ འདུག
ཅུང་ ཙམ་ རྗེས་ རྒྱ་ གཞུང་ གི་ ཉེན་ རྟོག་ པ་ ཡོང་ སྟེ་ ཁོང་ གི་ ལུས་ ཀྱི་ མེ་ བསད་ དེ་ ཆབ་ མདོ་ རྫོང་ སྨན་ ཁང་ ཞིག་ ཏུ་ འཁྲིད་ ཡོད་ འདུག་ ཀྱང་ ། དེ་ རྗེས་ ཀྱི་ གནས་ སྟངས་ གསལ་ བོ་ ཤེས་ རྟོགས་ ཐུབ་ ཡོད་ མི་ འདུག ཁོང་ གི་ སྐྱེས་ དམན་ གྱི་ མིང་ ལ་ སྒྲོལ་ མ་ ཟེར་ ཞིང་ ད་ ཆར་ ཁོང་ གཉིས་ ལ་ བུ་ མོ་ གཅིག་ དང་ བུ་ གཉིས་ བཅས་ ཡོད་ འདུག རྒྱ་ གཞུང་ གིས་ དེང་ སྐབས་ ཆབ་ མདོ་ ཀརྨ་ དགོན་ པར་ དམ་ དྲག་ བྱེད་ ཀྱིན་ ཡོད་ པ་ དེར་ ཁོང་ གིས་ མི་ འདོད་ པའི་ རྣམ་ འགྱུར་ ཤུགས་ ཆེན་ བསྟན་ ཡོད་ པ་ ཁོང་ གི་ ངོ་ ཤེས་ ཚོས་ བརྗོད་ ཡོད་ འདུག
དུས་བབ་དྲ་བ།
