རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གཉན་ནད་རེག་དུག་གི་ནད་པར་ལྟ་སྐྱོང་བྱེད་རོགས།



གློག་འཕྲིན།པར་འདེབས།ཕི་ཌི་ཨེཧཕ།
world-aids-day-logo2011དེ་རིང་ནི་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་ཡིན་པ་དང་། བཙན་བྱོལ་བོད་མིའི་ཁྲོད་ད་ལྟ་བདེ་ལེགས་སྨན་ཁང་གི་ཐོ་གཞུང་ནང་གཉད་ནད་རེག་དུག་གི་ནད་པ་༤༠ ཙམ་ཡོད་པ་དང་། སྤྱིར་རྒྱ་བལ་གཉིས་ནང་གི་བཙན་བྱོལ་བོད་མིའི་བརྒྱ་ཆ་༠༌༠༤ ཙམ་ནད་པ་ཡིན་པར་ཚོད་དཔག་བྱས་འདུག
ཟླ་འདིའི་ཚེས་༡ ཉིན་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་ཡིན་པ་དང་། སྔ་དྲོ་དེར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་རེག་དུག་གི་ན་ཚ་སྔོན་འགོག་སྐོར་ལ་ལྷན་ཚོགས་ཤིག་གནང་ཡོད་པ་རེད།

world-aids-day tibetanསྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་མཉམ་ཞུགས་བྱས་ཡོད་པ་དང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཉིན་དེའི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་། སྨན་རྩིས་ཁང་གི་སྨན་རམས་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་བོད་སྨན་ཐོག་ནས་གཉན་ནད་རེག་དུག་གི་ན་ཚ་སྔོན་འགོག་དང་། སྨན་བཅོས་བྱེད་སྟངས་སྐོར་དང་། བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་ལགས་ཀྱིས་ཕྱི་ལུགས་སྨན་གཞུང་ནས་ན་ཚ་སྔོན་འགོག་གི་སྐོར་དང་། སྨན་བཅོས་བྱེད་ཐབས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། ཚང་མས་ནད་པར་བདག་སྐྱོང་ཡག་པོ་དགོས་པ་དང་། མི་གཅིག་མཚུངས་ཀྱི་ལྟ་སྟངས་འཛིན་པ་ལས། མཐོང་ཆུང་རིགས་བྱེད་མིན་ཉན་སྐོར་གསུངས་སོང་།
༡༩༨༡ ལོ་ནས་འཛམ་གླིང་ནང་མི་ས་ཡ་༥༩ ལ་གཉན་ནད་རེག་དུག་གི་ན་ཚ་ཕོག་ཡོད་པ་དང་། ས་ཡ་༣༥ གྲོངས་ཟིན་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་ནང་ནད་པ་ས་ཡ་༣༣ ཙམ་ཡོད་པ་དང་། རྒྱ་གར་ནང་ད་ལྟ་ནད་པ་ས་ཡ་གཅིག་དང་འབུམ་བཞི་ནས་དྲུག་བར་ཡིན་པ་དང་། ལོ་བཅུའི་ནང་ན་ཚ་དེ་བརྒྱ་ཆ་༥༠ ཉུང་དུ་ཕྱིན་ཡོད་པ་རེད།
རྒྱ་གར་དང་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མིའི་ཁྲོད་ད་ལྟ་ནད་པ་བརྒྱ་༠༌༠༤ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་ནི་བོད་མི་འབུམ་གཅིག་གི་ནང་ནད་པ་༤༠ ཙམ་ཟིན་གྱི་ཡོད་པ་དང། མི་འབུམ་བརྒྱད་ཀྱི་ནང་དུ་ནད་པ་༣༢༠ ཙམ་ཡོད་པ་རེད། ད་ལྟའི་ཆར་བདེ་ལེགས་སྨན་ཁང་གི་ཐོ་གཞུང་ནང་གཉན་ནད་རེག་དུག་གི་ནད་པ་༤༠ ཙམ་ཡོད་འདུག བོད་མི་ནད་པའི་གྲངས་ཀ་གསལ་པོ་རག་གི་མི་འདུག མི་མང་པོ་ཞིག་རྒྱ་གར་སྨན་ཁང་དུ་སོང་ནས་བོད་པའི་སྨན་ཁང་ལ་འབྲེལ་བ་བྱེད་ཀྱི་མི་འདུག མང་པོ་ཞིག་གིས་ངོ་ཚ་བྱེད་ཀྱི་འདུག་ཅེས་བདེ་ལེགས་སྨན་ཁང་གི་སྨན་པས་འགྲེལ་བརྗོད་གནང་སོང་།
ཐེངས་འདིའི་ལྷན་ཚོགས་ཐོག་ད་ལྟ་གཉན་ནད་རེག་དུག་གི་ན་ཚ་ཡོད་པའི་ནད་པ་རང་ལོ་༤༩ ཡིན་པ་བློ་བཟང་དམ་ཆོས་ལགས་ཀྱིས་ཁོང་གི་མྱོང་ཚོར་སྐོར་ལ་གཏམ་བཤད་བྱས་ཡོད་པ་རེད། ཁོང་གི་བཟའ་ཟླ་དང་ཁོང་གཉིས་ཀར་གཉན་ནད་རེག་དུག་གི་ན་ཚ་ཕོག་ཡོད་པ་དང་། ད་ལྟ་ཕྲུ་གུ་བུ་མོ་ཞིག་སློབ་གྲྭའི་ནང་དུ་ཡོད་འདུག ཁོང་གིས་ནད་པའི་དཀའ་ངལ་ཆེ་ཤོས་ནི་དཔལ་འབྱོར་གྱི་མཐུན་རྐྱེན་མེད་པ་དང་། སྤྱི་ཚོགས་ནང་ནད་པར་མཐོང་ཆུང་བྱེད་མཁན་མང་པོ་ཡོད་པ་དེ་རེད་ཅེས་བརྗོད་སོང་།
ཐོག་མར་ཁོང་གིས་ས་གནས་ཤིག་ཏུ་མ་ཆེན་གྱི་ལས་ཀ་བྱེད་བཞིན་ཡོད་པ་དང་། སྐབས་དེར་ཁོང་གི་སྐྱེས་དམན་ལ་T B ན་ཚ་ཕོགས་ནས་ཟླ་ཤས་རྗེས་སྨན་ཁང་ནས་གཉད་ནད་རེག་གི་ན་ཚ་ཡོད་པ་ཤེས་རྟོགས་བྱུང་འདུག སྐབས་དེར་ཁོང་བརྟག་དཔྱད་བྱེད་སྐབས་ཁོང་ལ་ཡང་ན་ཚ་དེ་ཕོགས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
ཁོང་སྐབས་དེར་གཟུགས་པོ་སྐྱོ་པོ་མེད་པས། ཡང་བསྐྱར་མ་ཆེན་གྱི་ལས་ཀ་བྱེད་དུ་ཡང་། ས་གནས་དེ་ནས་ཁྱེད་རང་ནད་པ་རེད་ཅེས་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག དེའི་སྐོར་ཁོང་གིས་བརྗོད་དོན། “ང་ནད་པ་ཡིན་ཡང་། མ་ཆེན་གྱི་ལས་ཀར་གཙང་སྦྲ་ཡག་པོ་བྱེད་ཀྱི་ཡོད་པས། མུ་མཐུད་ལས་ཀ་བྱེད་འཇུག་རོགས། ཡང་ན་ལས་ཀ་གཞན་པ་ཞིག་གནང་རོགས་ཞུས་ཀྱང་། ལས་ཀ་སྤྲད་མ་སོང་། དེ་ནས་མར་ནང་དུ་ཡོང་བ་ཡིན་ཡང། སྐྱེ་དམན་སེམས་པ་སྐྱོ་ཡི་རེད་བསམ་ནས་ལས་ཀ་ནས་ཕུད་པ་གསང་བ་བྱས་པ་ཡིན། ཟླ་གཉིས་ལ་གུང་སེང་དུ་ཡོང་བ་ཡིན་བརྗོད་པ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་དེའི་རྗེས་ཀྱི་གནས་སྟངས་སྐོར་གསུང་དོན། “ས་གནས་འགོ་འཛིན་ལས་ཁུངས་ལ་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་གཡར་རོགས་ཞུས་པར། ལོ་གཉིས་རྗེས་ནས་སྐྱིན་ཚབ་སྤྲོད་རྒྱུ་བྱས་པ་ཡིན། དེ་ནས་སློབ་གྲྭ་ཞིག་གི་ཉེ་འཁོར་ནས་ཟ་ཁང་ཆུང་ཆུང་ཞིག་བཟུང་བ་ཡིན། སྐབས་དེར་བུ་ལོན་སྤྲོད་ཆེད་སྒོར་མོ་གསོག་ཐུབ་ཀྱི་མི་འདུག་ཀྱང་། འཚོ་བ་ཅུང་ཡར་རྒྱས་སོང་ནས། ཁ་ལག་ཡག་པོ་ཟ་རྒྱུ་རག་པ་དང་། སྐྱེ་དམན་དང་ཕྲུ་གུ་ཡང་སེམས་པ་སྐྱིད་པོ་འདྲ་བྱུང་སོང་ཡང་། ངེད་གཉིས་ནད་པ་ཡིན་པ་ཤེས་རྟོགས་བྱུང་སྟེ། སློབ་གྲྭས་ཟ་ཁང་སྒོ་རྒྱག་བཅུག་སོང་། སྐབས་དེར་སེམས་པ་ཧ་ཅང་སྐྱོ་པོ་བྱུང་ལ། འཚོ་བ་ཡང་སྐྱོ་རུ་སོང་ནས་ཁང་གླ་སྤྲོད་རྒྱུ་ཡང་རག་གི་མི་འདུག་”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་གསུང་དོན། “དེ་རྗེས་ས་གནས་འགོ་འཛིན་ལས་ཁུངས་ནས་ཆུ་གཏོང་རྒྱུའི་ལས་ཀ་ཞིག་སྤྲད་སོང་། ཉིན་མོ་གློག་ཤུགས་ཡག་པོ་མེད་པས། མཚན་མོ་ཆུ་གཏོང་དུ་འགྲོ་དགོས་པ་ལས་ཀ་ཧ་ཅང་མང་པོ་ཡོད་པ་རེད། ཟླ་བ་ལ་སྒོར་མོ་༡༠༥༠ དང་ལས་ཁུངས་སུ་ལས་ཀ་ཙག་ཙག་བྱས་ན་སྒོར་མོ་༥༠༠ བཅས་ཟླ་རེར་སྒོར་མོ་༢༠༠༠ སྤྲད་སོང་། ཕྲུ་གུ་དང་སྐྱེས་དམན་ལ་ལྟ་སྐྱོང་དགོས་པ་རེད། དཀའ་ལས་མང་པོ་བརྒྱབ་པ་ཡིན་མོད། ས་གནས་ཀྱི་སྐྱེས་དམན་ཞིག་གིས་ཆུ་གཏོང་མཁན་ནད་པ་འཇོག་རྒྱུ་མེད་སྐོར་བརྗོད་དེ། ལས་ཀ་དེ་ཡང་ཤོར་སོང་། མི་མང་པོ་གཡོལ་ནས་འགྲོ་བ་ལས། ཡ་ལན་བྱེད་མཁན་མི་འདུག བསྐྱར་དུ་མ་ཆེན་གྱི་ལས་ཀ་ཞིག་རག་སོང་ཡང་། དེར་ཡང་སྐྱེ་དམན་ཞིག་གིས་དམ་ཆོས་ཀྱིས་ལས་ཀ་བྱས་ན་མོས་ཁ་ལག་ཟ་རྒྱུ་མིན་ཞེས་བརྗོད་འདུག དེར་བརྟེན། དྷ་སར་ཡོང་ནས་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་དང་འཚོ་བའི་ཐོག་རོགས་སྐྱོར་ཞེ་དྲག་ཡག་པོ་གནང་སོང་། ད་ལྟ་ངེད་གཉིས་ཀྱི་བུ་མོ་སློབ་གྲྭར་ཡོད་ལ། ཁོང་གིས་ཕ་མ་ནད་པ་ཡིན་པ་ཤེས་ཀྱི་ཡོད་པ་མ་རེད། གལ་ཏེ་ཧ་གོ་ན་སློབ་གྲྭའི་ནང་སློབ་མ་ཚོས་ཁོང་ལ་བརྙེས་བཅོས་གཏོང་རྒྱུ་རེད་བསམ་པའི་སེམས་ཁྲལ་འདུག་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “དེ་རིང་འདིར་ཡོང་དགོས་པ་དེ་ཡང་མ་འོངས་པར་ན་ཚ་སྔོན་འགོག་གི་ཆེད་དང་ནད་པ་ཚོར་མཐོང་ཆུང་མི་གཏོང་བའི་ཆེད་དུ་ཡིན་”ཞེས་བརྗོད་སོང་།
ཚོགས་འདུ་གྲོལ་བ་དང་ཕྱི་ལོག་ཏུ་ཕོ་གསར་ཁག་ཅིག་གིས་གཉད་ནད་རེག་དུག་གི་ན་ཚ་སྔོན་འགོག་གི་སྐོར་དང་། ནད་པར་བདག་སྐྱོང་བྱེད་སྟངས་སྐོར་གྱི་གཏམ་བརྗོད་ཐུང་ངུ་ཞིག་འཁྲབ་ཡོད་པ་རེད།།
བང་ཆེན་དྲ་བ།