ཡོ་རོབ་རྒྱལ་ཁབ་བདུན་དུ་དྲིལ་བསྒྲགས་སྐོར་བསྐྱོད་ལ་སོང་བའི་སྲིད་སྐྱོང་བ་བློ་བཟང་སེང་གེས་ཕྱི་ཟླ་༡༡ ཚེས་ ༣༠ ཉིན་ཏེ། རེས་གཟའ་ལྷག་པའི་ཉིན་མོ། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་འཛམ་གླིང་གི་སྨྱན་སྦྱོར་ཆེ་ཤོས་BBC ཨ་མའི་ལས་ཁུངས་སུ་བཅར་ཏེ། ༼ ཨེ་ཤི་ཡའི་ཤུགས་རྐྱེན ༽ ཞེས་པའི་ལེ་ཚན་གཙོ་སྐྱོང་བ་ལྕམ་མན་ཤེལ་ཧུས་སེང་གི་དྲི་བར་ལན་འདེབས་བྱས།
ལེ་ཚན་འདི་ཕྱིར་སྟོན་བྱེད་དུས་པེ་ཅིང་གི་དགོང་མོའི་ཆུ་ཚོད་ ༩ དང སྐར་མ་ ༣༠ ཙམ་ལ་ཁེལ། པེ་ཅིང་གི་བརྙན་འཕྲིན་ལྟད་མོ་ཚོས་གཙོ་སྐྱོང་བ་མན་ཤེལ་ཧུས་སེང་གིས་བློ་བཟང་སེང་གེ་ངོ་སྤྲོད་བྱས་པ་མཐོང་བ་དང་། དངོས་གཞིའི་དྲི་བར་ཕྱོགས་སྐབས་གློ་བུར་ངང་བརྙན་འཕྲིན་འཆར་ཤེལ་ནག་ཐོམ་མེར་སོང་བ་རེད། དེས་ན། པེ་ཅིང་གི་བརྙན་འཕྲིན་ལྟད་མོ་བ་ཚོས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་། མིག་སྔའི་བོད་ཀྱི་གནས་སྟངས། གོང་ས་མཆོག་གི་སྲིད་དབང་རྩིས་སྤྲོད། བོད་ཀྱི་གནད་དོན་ཐག་གཅོད་ཡོང་རེ་བཅས་ཀྱི་གནད་དོན་སྐོར་ལ་ལྟ་ཐུབ་མེད། དེ་ནས། གཙོ་སྐྱོང་པས་པེ་ཅིང་གི་བརྙན་འཕྲིན་ནག་ཁུང་ཆགས་པ་ཤེས་འཕྲལ། དེ་སྐོར་སྲིད་སྐྱོང་བར་སྐད་ཆ་འདྲི་སྐབས། ཁོང་གིས། བྱ་སྤྱོད་འདི་རིགས་ནི་རྒྱ་ནག་གཞུང་གི་སེམས་ནང་གི་དངངས་སྐྲག་ཡོངས་སུ་ཕྱིར་མངོན་ཐུབ་པ་རེད་ལ། ཁོས་ལག་ཐབས་ཡོད་རྒུ་སྤྱད་ནས། སོ་སོའི་མི་དམངས་ལ་བོད་ཀྱི་བདེན་དོན་དང་དངོས་ཡོད་སྦས་འགེབས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
ནགས་ཤོད་སད་མིས་བོད་བསྒྱུར་བྱས།
