རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཚེ་འདིར་རྒྱལ་དབང་རིན་པོ་ཆེར་མཇལ་ཐུབ་མ་སོང་།


བོད་ནས་དུས་འཁོར་དབང་ཆེན་ལ་ཕེབས་མཁན་བོད་རིགས་ཨ་མ་རྒན་མོ་ཞིག་སྙིང་ནད་ཀྱི་རྐྱེན་པས་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་གློ་བུར་གྲོངས་ཡོད་འདུག  
ད་ལོའི་ལོ་མཇུག་ཏུ་༧གོང་ས་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢  པ་དེ་བསྩལ་འཆར་ཡོད་པ་ལྟར། ཉེ་ལམ་བོད་ནས་ཆོས་ཞུ་བ་བརྒྱ་ཕྲག་མང་པོས་དཀའ་ངལ་ལ་མ་འཛེམས་པར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་བཞིན་ཡོད་ནའང་ གནས་བསྐོར་བ་གང་མང་ཞིག་ལ་ས་ཆུ་མ་འཕྲོད་དང་ ཟ་མ་དང་འཐུང་ཆུ་མ་འཕྲོད་པ་བཅས་ཀྱིས་ལུས་པོའི་འཕྲོད་བསྟེན་ཐོག་དཀའ་ངལ་འཕར་མ་ཞིག་འཕྲད་ཀྱིན་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་མདོ་སྨད་བླ་བྲང་མཛོད་དགེ་ནས་ཡིན་པའི་རང་ལོ་ ༧༢ སོན་པའི་ཨ་མ་སྒྲོལ་མ་འཚོ་ལགས། བལ་ཡུལ་ནས་ལྡི་ལིར་འབྱོར་མཚམས་སྙིང་ནད་ཀྱི་རྐྱེན་པས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། དེ་བཞིན་མདོ་སྨད་རྨ་ཆུ་ནས་ཡིན་པའི་རང་ལོ་ ༧༢ ཡིན་པའི་གྲྭ་སྐལ་བཟང་ལགས་ཀྱང་ཁྲག་ཤེད་དང་ཕོ་བའི་ནད་གཞིའི་རྐྱེན་པས་ད་ཆར་ལྡི་ལིར་སྨན་ཁང་ཞིག་ཏུ་ཛ་དྲག་ཐོག་སྨན་བཅོས་བྱེད་བཞིན་ཡོད་འདུག
གནས་ཚུལ་དེའི་ཐད་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་ཚོགས་གཙོ་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། “ དུས་འཁོར་དབང་ཆེན་ལ་ཕེབས་མཁན་བླ་བྲང་མཛོད་དགེ་ནས་ཡིན་པའི་བགྲེས་སོང་སྒྲོལ་མ་འཚོ་ཞུ་བ་ཞིག་ཕྱི་ཚེས་ ༨ ཉིན་གློ་བུར་དུ་ལྡི་ལིའི་སྨན་ཁང་ཞིག་ཏུ་གྲོངས་པ་རེད། སྨན་ཁང་གི་སྨན་པས་བཤད་ན་བགྲེས་སོང་དེའི་སྙིང་ལ་ཆུ་བསགས་ཏེ་གྲོངས་པ་རེད་ཟེར། ཁོ་མོས་འདས་གྲོངས་སུ་མ་ཕྱིན་གོང་ཉལ་ཁྲིའི་སྟེང་ “ ཚེ་འདིར་རྒྱལ་དབང་རིན་པོ་ཆེར་མཇལ་ཐུབ་མ་སོང་ ” ཟེར་ནས་མིག་ཆུ་ཡང་ཡང་གཏོང་གི་འདུག  ཕྱི་ཚེས་ ༩ ཉིན་ཁོ་མོའི་བུ་གཉིས་དང་མདོ་སྨད་ས་རྒྱུན། ས་གནས་གཞོན་ནུ། གཞིས་ཆགས་བརྒྱ་དཔོན་བཅས་ཀྱིས་ལྡི་ལིར་མཱ་ཇིན་ཊི་ལར་ཁོ་མོའི་ཕུང་པོ་ཞུགས་འབུལ་ཞུས་པ་ཡིན། སྐབས་དེར་བོད་ནས་ཕེབས་པའི་བུ་དེས་ངས་ཨ་མ་རྒྱལ་དབང་རིན་པོ་ཆེའི་དུས་འཁོར་དབང་ཆེན་ལ་ཁྲིད་ཡོང་བ་ཡིན། ད་ལྟ་ང་ལ་ཨ་མ་ཕྱིར་ཁྲིད་རྒྱུ་ཡོད་པ་མ་རེད་ཟེར་ནས་ངུས་སོང་ ” ཞེས་བརྗོད་བྱུང་ 
ད་ལྟ་ལྡི་ལིའི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་བགྲེས་སོང་སྐལ་བཟང་ལགས་ཀྱི་གནས་སྟངས་ཐད། ཁོང་གིས་ “ བོད་ནས་ཕེབས་པའི་གྲྭ་སྐལ་བཟང་ཞུ་བ་དེ་ལོ་ ༧༢ ཡིན་པ་དང་།  ཁོང་ལ་ཁྲག་ཤེད་ན་ཚ་དང་ཕོ་བའི་ན་ཚ་ཡོད་སྟབས།ནད་གཞི་ཚབས་ཆེན་པོ་འདུག  ཟ་མ་གང་ཟས་ཀྱང་ལམ་སེང་སྐྱུག་ཡོང་གི་འདུག  ད་ལྟ་མདོ་སྨད་ས་རྒྱུན་དང་དེ་མིན་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་ཁོང་ལ་ལྟ་རྟོགས་བྱེད་ཀྱི་ཡོད། རྒྱ་གར་སྨན་པས་སྨན་ཁང་དུ་སྨན་བཅོས་བྱ་དགོས་འདུག་ཟེར ” ཞེས་བརྗོད་བྱུང་
བོད་ནས་གསར་དུ་ཕེབས་མཁན་གང་མང་ཞིག་ལ་ས་ཆུ་འཕྲོད་མིན་གྱི་དབང་གིས་ནད་གཞི་འདྲ་མིན་ཕོག་སྟེ། ཉིན་རྟག་པར་གངས་སྐྱིད་བདེ་ལེགས་སྨན་ཁང་ནང་སྨན་བཅོས་བྱེད་དུ་འགྲོ་དགོས་ཀྱི་ཡོད་ཅིང་ དེ་དག་ལས་རིགས་ཁ་ཤས་བདེ་ལེགས་སྨན་ཁང་དུ་དྲག་སྐྱེད་མ་བྱུང་བར་ས་གནས་རྒྱ་གར་སྨན་ཁང་ཆེ་ཁག་ཏུ་འགྲོ་བཞིན་ཡོད་སྟབས།  འཕྲོད་བསྟེན་ལས་ཁུངས་ཀྱི་འཆར་འགོད་འགན་འཛིན་བསྟན་འཛིན་དབྱིན་གཉེན་ལགས་སུ་བཀའ་འདྲི་ཞུས་པར། འཕྲོད་བསྟེན་ལས་ཁུངས་ཀྱིས་དབུས་སྣེ་ལེན་ཁང་བརྒྱུད་བོད་ནས་ཕེབས་མཁན་ཚོར་འཕྲོད་བསྟེན་དང་ཁ་ལག་སྐོར་གོ་རྟོགས་རིམ་པར་སྤེལ་བཞིན་ཡོད་པ་དང་ ནད་པ་ཚོར་དུས་ཡུན་ཟླ་དྲུག་རིང་རིན་མེད་ཐོག་སྨན་བཅོས་བྱེད་ཀྱི་ཡོད་པ། བདེ་ལེགས་སྨན་ཁང་དུ་དྲག་སྐྱེད་མ་བྱུང་བའི་རིགས་ལ་རྒྱ་གར་སྨན་ཁང་དུ་སྨན་བཅོས་ཀྱི་མཐུན་འགྱུར། ལྷག་པར་དུ་གནས་མཆོག་རྡོ་རྗེ་གདན་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་གསར་འབྱོར་བ་ཚོེར་དམིགས་བསལ་མཐུན་འགྱུར་གནང་རྩིས་ཡོད་སྐོར་བརྗོད་སོང་
བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་དབྱངས་འཛོམས་ལགས་སུ་གསར་འབྱོར་བའི་ན་ཚའི་གནས་སྟངས་སྐོར་བཀའ་འདྲི་ཞུས་སྐབས། ཉེ་ལམ་བདེ་ལེགས་སྨན་ཁང་དུ་ཉིན་ལྟར་བོད་ནས་ཕེབས་པའི་ནད་པ་མང་པོ་ཡོང་གི་ཡོད་པ་དེ་ཚོ། ཕོ་བའི་ན་ཚ་དང་ཆམ་པ། ཟ་མ་མ་འཕྲོད་པའི་སྟབས་ཀྱིས་ཡིན་སྐོར་དང་ དུས་དབང་ལ་ཕེབས་མཁན་ཚོར་ཆ་བཞག་ན། རྡོ་རྗེ་གདན་གྱི་ཁོར་ཡུག་གཙང་མ་མེད་པར་ས་རྡུལ་གྱིས་ཁེངས་ཡོད་པ་དང་ དེའི་ཐོག་མི་མང་པོ་འཛོམས་ན་ན་ཚ་འདྲ་མིན་འགོས་རྒྱུའི་ཉེན་ཁ་ཡོད་སྟབས། ནམ་རྒྱུན་ཆུ་གཙང་མ་འཐུང་རྒྱུ་དང་ཁ་རས་གོན་རྒྱུ། ཟ་མ་གང་བྱུང་མི་ཟ་བ་བཅས་ལ་དོ་སྣང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་ཡོད།
བོད་ནས་ཕེབས་པའི་གནས་བསྐོར་བ་ཞིག་ལ་བཀའ་འདྲི་ཞུས་པར། “ ང་རང་རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པ་སྐལ་བ་བཟང་པོ་བྱུང་ ཡིན་ནའང་ ངྷ་རམ་ས་ལ་ན་རྐུན་མ་ཡོད་ས་རེད། བདུན་ཕྲག་སྔོན་མར་ང་རང་གིས་ངྷ་ས་མེག་གྷན་རླངས་འཁོར་འབབ་ཚིགས་ཀྱི་མ་ཎི་འཁོར་ལོ་སྐོར་སྐབས། མི་ཚོགས་ཁྲོད་ཅི་ཡིན་འདི་ཡིན་མེད་པར་ངའི་སྒོར་ཁུག་བརླགས་སོང་ སྒོར་ཁུག་ནང་རྒྱ་ནག་ཐོབ་ཐང་ལག་འཁྱེར་དང་ཧིན་སྒོར་ ༢༠༠ ལས་བཅུག་མེད། ཐོབ་ཐང་ལག་ཁྱེར་གལ་ཆེན་ཡིན་སྟབས་ཕྱི་ཉིན་སྔ་མོ་ནས་ས་དེར་སྒོར་ཁུག་འཚོལ་དུ་འགྲོ་སྐབས། སྒོར་ཁུག་སྟོང་པ་དེ་མ་ཎི་འཁོར་ལོའི་གྱང་ངོས་ཞིག་ཏུ་བཀལ་འདུག  སྒོར་ཁུག་ཁ་ཕྱེ་སྐབས་ཐོབ་ཐང་ལག་འཁྱེར་མ་གཏོགས་སྒོར་མོ་ཁྱེར་ཚར་འདུག ” ཅེས་བརྗོད་སོང་  དེ་བཞིན་མི་གཞན་ཞིག་གིས་བཤད་ན་ཟླ་སྔོན་མའི་ནང་བོད་ཀྱི་བདེ་རྩ་(Tibet Charity) ཚོགས་པའི་མ་བྱན་ཚེ་སྐྱིད་ལགས་ཀྱི་ཧིན་སྒོར་ ༢༠༠༠ ཙམ་ཡང་རླངས་འཁོར་འབབ་ཚིགས་ཀྱི་མ་ཎི་འཁོར་ལོ་སྐོར་སྐབས་གཞན་གྱིས་རྐུ་འཁྱེར་བྱས་འདུག 
དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་གསུངས་བ་ལྟར་ན། ད་ལོར་བོད་ནས་དུས་དབང་ལ་ཕེབས་མཁན་ ༧༠༠༠ ལྷག་ཡོད་འདུག
གསར་འགོད་པ། དཔལ་ལྡན།  
དུས་བབ་དྲ་བ།