མདོ་ སྨད་ ཀན་ ལྷོ་ ཅོ་ ནེ་ རྫོང་ ཆོས་ དཔལ་ ཞིང་ བཀྲ་ ཤིས་ ཆོས་ འཁོར་ གླིང་ དགོན་ པའི་ གྲྭ་ སྐལ་ བཟང་ ཆོས་ གྲགས་ ལགས་ རྒྱ་ ནག་ འཛིན་ བཟུང་ གི་ བཀའ་ རྒྱའི་ འོག འདས་ པའི་ ལོ་ ངོ་ ༣ ལྷག་ གི་ རིང་ སི་ ཁྲོན་ དང་ ཆབ་ མདོ། ལྷ་ ས་ བཅས་ ས་ གནས་ རིམ་ པའི་ ནང་ ཉེན་ ཡོལ་ བྱས་ མཐར་ རྒྱ་ གར་ ནང་ བཙན་ བྱོལ་ དུ་ འབྱོར་ འདུག ཟླ་ འདིའི་ ཕྱི་ ཚེས་ ༣ ཉིན་ འདི་ གའི་ གསར་ འགོད་ པས་ ཁོང་ ལ་ བཅར་ འདྲི་ ཞུས་ ཏེ། ས་ བྱི་ ཞི་ རྒོལ་ ཆེན་ མོའི་ སྐབས་ མདོ་ སྨད་ ཅོ་ ནེ་ ཕྱོགས་ ནས་ ཡར་ ལངས་ རྒྱག་ སྟངས་ དང་ ། ཞི་ རྒོལ་ རྗེས་ ཁོ་ རང་ ཉེན་ ཡོལ་ དུ་ ཕྱིན་ ཏེ་ དཀའ་ སྡུག་ གི་ འཚོ་ བ་ བསྐྱལ་ བའི་ སྐོར་ རྒྱུས་ ལོན་ བྱས་ ཡོད།
གྲྭ་ སྐལ་ བཟང་ ཆོས་ གྲགས་ ལགས་ ཀྱིས་ བརྗོད་ པ་ ལྟར་ ན། ༢༠༠༨ ལོའི་ ཕྱི་ ཟླ་ ༣ པའི་ ཚེས་ ༡༨ ཉིན་ གྱི་ སྔ་ དྲོའི་ ཆུ་ ཚོད་ ༡༡ ཡས་ མས་ སུ་ ཅོ་ ནེ་ རྫོང་ ཆོས་ དཔལ་ ཞིང་ བཀྲ་ ཤིས་ ཆོས་ འཁོར་ གླིང་ དགོན་ པའི་ གྲྭ་ བ་ ༥༠༠ ལྷག་ དང་ ས་ གནས་ བོད་ མི་ བཅས་ ཀྱིས་ དགོན་ པའི་ ནང་ བསང་ གསོལ་ བཏང་ རྗེས། ལག་ ཏུ་ བོད་ ཀྱི་ རྒྱལ་ དར་ འཕྱར་ བ་ དང་ ། ངག་ ནས་ “ ༧རྒྱལ་ བ་ རིན་ པོ་ ཆེ་ བོད་ ལ་ ཕེབས་ འཇུག་ དགོས། ༸པཎ་ ཆེན་ ཆུང་ སྲིད་ རིན་ པོ་ ཆེ་ ཀློད་ གྲོལ་ གཏོང་ དགོས། བོད་ ནང་ འགྲོ་ བ་ མིའི་ ཐོབ་ ཐང་ དགོས། དགོན་ པའི་ རང་ ས་ རང་ དབང་ དགོས། ” ཞེས་ འབོད་ ཚིག་ སྒྲོག་ བཞིན་ མདོ་ ཁོག་ ཞང་ མི་ མང་ སྲིད་ གཞུང་ དང་ ཉེན་ རྟོག་ ལས་ ཁུངས། ནགས་ ལས་ ཁང་ བཅས་ ཀྱི་ སྒོ་ ཁར་ སྐོར་ སྐྱོད་ ཀྱིས་ སྐད་ འབོད་ བྱས་ ཤིང་ ། དེ་ གའི་ སློབ་ ཆུང་ སྒོ་ རའི་ ནང་ གི་ རྒྱ་ ནག་ གི་ རྒྱལ་ དར་ ཕབ་ སྟེ་ བོད་ ཀྱི་ རྒྱལ་ དར་ བསྒྲེངས་ འཛུགས་ བྱས་ ཡོད་ པ་ མ་ ཟད། ཉེན་ རྟོག་ ལས་ ཁུངས་ ཀྱི་ སྒོ་ དང་ སྒེའུ་ ཁུང་ བཅག་ ཅིང་ རླངས་ འཁོར་ མེར་ བསྲེགས་ བཏང་ སྟེ། ཉིན་ དེའི་ ཕྱི་ དྲོའི་ ཆུ་ ཚོད་ ༣ པའི་ བར་ ངོ་ རྒོལ་ བྱས་ ཡོད་ འདུག ཕྱི་ དྲོར་ རྒྱ་ དམག་ སྟོང་ ཕྲག་ གཅིག་ ལྷག་ འབྱོར་ ཏེ་ དགོན་ པ་ མཐའ་ སྐོར་ ཞིང་ ། ཀན་ ལྷོ་ ཁུལ་ དང་ ཅོ་ ནེ་ རྫོང་ ཉེན་ རྟོག་ པ་ དང་ བདེ་ འཇགས་ མི་ སྣས་ གྲྭ་ དམངས་ ཚོས་ མགོ་ སྒུར་ དགོས་ པའི་ བཙན་ བཀའ་ བཏང་ ཡོད་ ཀྱང་ ། དགོན་ པའི་ དགེ་ འདུན་ པ་ ཚོས་ མགོ་ བསྒུར་ འདོད་ མ་ བྱས་ སྟབས་ ཉིན་ དེར་ གྲྭ་ བ་ ༣༠༠ དང་ མི་ སྐྱ་ ཁ་ ཤས་ བཅས་ འཛིན་ བཟུང་ བྱས་ ཤིང་ ། བཀྲ་ ཤིས་ ཆོས་ འཁོར་ གླེང་ དགོན་ པ་ བདུན་ ཕྲག་ གཉིས་ རིང་ སྒོ་ བརྒྱབ་ ཡོད་ འདུག
གྲྭ་ སྐལ་ བཟང་ ཆོས་ གྲགས་ ལགས་ ཀྱིས་ བརྗོད་ དོན། “ ༢༠༠༨ ལོའི་ ཕྱི་ ཟླ་ ༣ པའི་ ཚེས་ ༡༨ ཉིན་ གྱི་ ཕྱི་ དྲོར་ རྒྱ་ དམག་ སྟོང་ ཕྲག་ ལྷག་ གིས་ དགོན་ པའི་ མཐའ་ བསྐོར་ བ་ དང་ ། ཉེན་ རྟོག་ པ་ དང་ སྲིད་ གཞུང་ གི་ ལས་ བྱེད་ མང་ པོ་ ཞིག་ དགོན་ པའི་ ནང་ ཡོང་ སྟེ་ ཛ་ དྲག་ གི་ ཚོགས་ འདུ་ སྐོང་ སོང་ ། ཚོགས་ འདུའི་ ཐོག་ ང་ དང་ གྲྭ་ བ་ གཞན་ གསུམ་ ལས་ འགུལ་ སྣེ་ འཁྲིད་ པ་ དང་ རྒྱལ་ དར་ སྒྲེང་ མཁན་ ཡིན་ པའི་ མིང་ འདོན་ བྱས་ འདུག ང་ ཚོས་ མགོ་ བཏགས་ བྱས་ ཀྱང་ རྗེས་ སུ་ ཉེས་ ཆད་ ལྕི་ མོ་ ཡོད་ པ་ བཤད་ མ་ དགོས་ པ་ ཡིན་ སྟབས། ངེད་ ཅག་ གྲྭ་ བ་ ༤ དགོན་ པའི་ རྒྱབ་ རིའི་ ནགས་ གསེབ་ བརྒྱུད་ རི་ བྱོལ་ དུ་ ཕྱིན་ པ་ ཡིན། ཉིན་ ༡༥ ཙམ་ ལ་ དགོན་ པ་ དང་ བར་ ཐག་ རིང་ བའི་ རི་ ཁུག་ ཅིག་ ཏུ་ བསྡད་ པ་ ཡིན། ཉིན་ ཞིག་ ང་ ཚོའི་ རྩམ་ པ་ ཚར་ སོང་ བས། ངའི་ རོགས་ པ་ བསྟན་ འཛིན་ རྒྱ་ མཚོ་ ཆེ་ ཆུང་ གཉིས་ གསང་ སྟབས་ ཀྱིས་ ཡུལ་ ལ་ རྩམ་ པ་ ལེན་ དུ་ ཕྱིན་ སྐབས། བསྟན་ འཛིན་ རྒྱ་ མཚོ་ ཆེ་ བའི་ སྤུན་ མཆེད་ ཀྱི་ བུ་ གཉིས་ རྒྱ་ གཞུང་ གིས་ འཛིན་ བཟུང་ བྱས་ ཡོད་ འདུག སྐབས་ དེར་ སྤུན་ མཆེད་ ཀྱིས་ ཀྱང་ རྒྱ་ ནག་ གི་ ལག་ འོག་ ནས་ བྲོས་ ཀྱང་ མཐར་ ཐབས་ མེད་ པ་ དང་ ། མི་ གཅིག་ གི་ ཆེད་ དུ་ མི་ གཉིས་ ལ་ ཁྲིམས་ ཆད་ ཕོག་ ན་ ཡག་ པོ་ མེད་ ཚུལ་ བཤད་ འདུག་ ལ། ཁོང་ གཉིས་ མགོ་ བཏགས་ པ་ ཡིན་ ན། དགོན་ པའི་ བླ་ མ་ ཞིག་ གིས་ རོགས་ རམ་ འོག་ སྒོར་ མོའི་ ཆད་ པ་ ལས་ བཙོན་ འཇུག་ ཁྲིམས་ ཆད་ མི་ གཅོད་ པའི་ སྐོར་ སོགས་ བཤད་ འདུག ཁོང་ གཉིས་ ཚུར་ ཡོང་ ནས་ ང་ ཚོར་ གནས་ ཚུལ་ དེ་ དག་ བཤད་ རྗེས་ རྒྱ་ གཞུང་ ལ་ མགོ་ འདོག་ ཞུ་ རུ་ ཕྱིན་ སོང” ཞེས་ ངོ་ སྤྲོད་ གནང་ བྱུང་ །
ཁོང་ གིས་ མུ་ མཐུད་ དུ་ བརྗོད་ དོན། “ ཕྱིས་ སུ་ རྒྱ་ ནག་ གཞུང་ གིས་ མི་ སུ་ ཞིག་ གིས་ ང་ དང་ སྐལ་ བཟང་ ཕྱོགས་ གླང་ གཉིས་ རྩིས་ སྤྲོད་ བྱས་ ན་ རྒྱ་ སྒོར་ ཁྲི་ ༡ སྤྲོད་ རྒྱུའི་ གསལ་ བསྒྲགས་ བཀྲམས་ འདུག དེ་ ནས་ ངེད་ གཉིས་ རི་ སྒང་ དང་ གྲོག་ རོང་ ། ནགས་ ཚལ་ སོགས་ སུ་ ཟླ་ ༥ ཙམ་ ལ་ ཡིབ་ སྡོད་ བྱས་ པ་ ཡིན་ ལ། ཉིན་ ཞིག་ ལྟོ་ སློང་ དུ་ ཕྱིན་ ཏེ་ ངེད་ གཉིས་ ཁ་ འཐོར་ སོང་ ། དེ་ ནི་ ཀན་ སུའུ་ དང་ སི་ ཁྲོན་ གྱི་ ས་ མཚམས་ ཤིག་ རེད། དེ་ ནས་ ང་ རང་ གཅིག་ པུ་ སི་ ཁྲོན་ མཛོ་ དགེ་ དང་ ཁྲོ་ ཆུ་ བཅས་ འབྲོག་ ཁུལ་ དུ་ སློང་ མོ་ རྒྱག་ བཞིན་ ༢༠༡༠ ལོར་ དཀར་ མཛེས་ བྲག་ མགོ་ འབྲོག་ ཁུལ་ དུ་ འབྱོར་ སོང་ ། དེ་ གའི་ ཁྱིམ་ ཚང་ ཞིག་ ནས་ ང་ རང་ གིས་ ཉིན་ རེར་ རྒྱ་ སྒོར་ ༡༠ ཡི་ གླ་ བྱས་ ཏེ་ ཟླ་ ཁ་ ཤས་ བསྡད་ པ་ ཡིན། དེའི་ རྗེས་ ཆབ་ མདོ་ དང་ ཀོང་ པོ་ སོགས་ བརྒྱུད་ དེ་ སློང་ མོ་ བྱེད་ བཞིན་ ལྷ་ སར་ བསླེབས་ སོང་ ། ལྷ་ ས་ ནས་ ཐབས་ ཤེས་ འདྲ་ མིན་ བྱས་ ཏེ་ ལམ་ འཁྲིད་ པ་ ཞིག་ ལ་ རྒྱ་ སྒོར་ ༢༥༠༠༠ སྤྲད་ དེ་ གོམ་ པ་ བརྒྱབ་ ནས་ རྒྱ་ གར་ ལ་ ཡོང་ བ་ ཡིན” ཅེས་ དང་ ། ཁོང་ གིས་ མུ་ མཐུད་ དུ། “ ཕྱིས་ སུ་ ང་ རང་ ལྷ་ སར་ ཐོན་ སྟེ་ ཕྱིར་ གྲོགས་ པོ་ ཞིག་ ལ་ འབྲེལ་ བ་ བྱས་ སྐབས་ བསྟན་ འཛིན་ རྒྱ་ མཚོ་ ཆེ་ ཆུང་ གཉིས་ ལ་ ཁྲིམས་ ཐག་ བཅད་ ཡོད་ པ་ ལས། སྐལ་ བཟང་ ཕྱོགས་ གླང་ གར་ ཡོད་ ཤེས་ མ་ སོང་ ལ། ངའི་ ནང་ མི་ ཚོར་ འཇིགས་ སྐུལ་ བྱས་ ཏེ། ངེད་ གཉིས་ རྩིས་ སྤྲོད་ བྱེད་ དགོས་ ཚུལ་ བརྗོད་ ཡོད་ པ་ མ་ ཟད། གལ་ སྲིད། ངེས་ གཉིས་ རྩིས་ སྤྲོད་ མ་ བྱས་ ཚེ་ ངའི་ སྤུན་ མཆེད་ ལས་ ཁུངས་ ནས་ གནས་ དབྱུང་ གཏོང་ རྒྱུ་ ཡིན་ ཚུལ་ ཡང་ བརྗོད་ འདུག ད་ ཆར་ ང་ ཡོང་ སའི་ དགོན་ པའི་ ནང་ གཏན་ འཇགས་ གྲྭ་ བ་ ༣༠༠ ལས་ ལྷག་ བསྡད་ མི་ ཆོག་ པའི་ བཀའ་ རྒྱ་ བཏང་ འདུག” ཅེས་ བརྗོད་ བྱུང་ །
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ།
