༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་གྲངས་ ༡༠༠༠ བརྒལ་བར་ཤེས་ཡོན་ཐོག་འབད་བརྩོན་བྱས་ཏེ་མ་འོངས་པའི་བོད་འཛིན་སྐྱོང་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན།
དེ་རིང་ངོས་རང་འདི་གར་བཅར་ཏེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྤྱིར་བཏང་ང་ཚོ་བོད་མི་རིགས་ལ་ཆ་བཞག་ན་ཧ་ལམ་ལོ་སྟོང་ཕྲག་ཉི་ཤུ་སུམ་ཅུའི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་དང་སྐད་ཡིག་ཟུར་དུ་ཡོད་པ་ཙམ་མ་ཟད། ང་ཚོའི་སྐད་ཡིག་ནང་འཛམ་གླིང་འདིའི་སྟེང་གི་ལྟ༌གྲུབ་(Most Sophisticated Reality)ཡོད་པ་ཞིག་ཡིན། དེ་དག་ཆ་ཚང་བོད་ཡིག་ཁོ་ན་མ་གཏོགས་དབྱིན་ཇི་དང་། ཧིན་རྡི། རྒྱ་སྐད་བཅས་ཀྱི་ནང་བསླབ་ཐུབ་ཐབས་མེད། དེར་བརྟེན་དེེ་དག་ལ་ཁྱེད་རང་ཚོས་བསམ་བློ་ཞིག་ཐོངས་དང་། ང་ཚོའི་མི་རིགས་འདི་སྤོབས་པ་བྱེད་འོས་པ་ཞིག་ཡིན། དེ་བཞིན་བོད་ཀྱི་གནད་དོན་ལ་ཆ་བཞག་ན། སྤྱིར་བཏང་གཙོ་བོ་ང་ཚོ་བོད་མི་རིགས་རྣམས་སེམས་ཤུགས་ཧ་ལས་པ་ཡིན་པ་དང་། ཡང་སྒོས་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་སེམས་ཤུགས་ཧ་ལས་པ་རེད་འདུག ང་ཚོ་ཕྱི་ཕྱོགས་སུ་ཡོད་པའི་བོད་པ་ཚོར་ཡང་སེམས་ཤུགས་ཧ་ཅང་ཡག་པོ་རེད། དེ་བཞིན་འཛམ་གླིང་གི་རྒྱབ་སྐྱོར་ཡང་ཤུགས་ཆེ་རུ་འགྲོ་གི་ཡོད། བོད་ཀྱི་བདེན་དོན་གསལ་དུ་འགྲོ་གི་ཡོད། རྒྱ་ནག་ནང་དུ་འགྱུར་བ་འགྲོ་མུས་ཡིན།
དེར་བརྟེན་ང་ཚོ་ཚང་མར་རེ་བ་ཆེན་པོ་ཡོད། སེམས་ཤུགས་བསྒྲིལ་ནས་སྡོད་དགོས། སེམས་ཤུགས་བསྒྲིལ་ནས་ག་རེ་བྱེད་དགོས་ཞེ་ན། སྐད་འབོད་བྱ་རྒྱུའི་སྐད་ཆ་གང་ཡང་མིན། སེམས་ཤུགས་བསྒྲིལ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས། ཕྱིན་ཆད་ང་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དུས་ཚོད་ལ་བསླེབ་ན། ལས་རིགས་གང་ཞིག་ཡིན་ཡང་བོད་པ་ཚོས་ཆ་ཚང་བྱེད་ཐུབ་པ་དགོས། ང་ཚོ་བོད་དུ་ལོག་རྒྱུའི་དུས་ཚོད་བྱུང་མཚམས་ལ་ང་ཚོ་མང་གཙོའི་ཐོག་ཕྱིན་ན། གཅིག་བྱས་ན་མོན་གྷོའི་གཞིས་ཆགས་ནང་གི་ཕྲུ་གུ་ཚོས་མ་འོངས་པར་བོད་ཀྱི་སྲིད་སྐྱོང་བྱེད་སྲིད་པ་རེད། སྲིད་སྐྱོང་ཕ་དང་མ་གང་རུང་ཡོང་སྲིད། མ་འོངས་པར་ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་སྲིད་སྐྱོང་བུད་མེད་བྱས་པ་ཞིག་ཏན་ཏན་ཡོང་སྲིད་པ་རེད། དེར་བརྟེན་ཁྱེད་རང་ཚོ་ཚང་མས་སེམས་ཤུགས་བསྒྲིལ་དགོས། ལྐུགས་པ་ཨུ་ཚུགས་དང་ཧམ་པ་བྱས་པའི་སྐད་ཆ་གང་ཡང་མིན། སོ་སོ་དངོས་གནས་མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཐུབ་པ་བྱེད་ཀྱི་ཡིན་བསམས་པ་ལྟ་བུའི་སེམས་ཤུགས་འཁྱེར་དགོས། དེ་བཞིན་རྩ་བའི་ང་ཚོ་བོད་པའི་སྐད་ཡིག་དེ་བཞིན་གོང་དུ་ཁྱེད་རང་ཚོས་རྟགས་གསལ་བཏང་བ་ལྟར། སྐད་ཡིག་དེ་ཐོག་མར་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ནས་བཟོས་པ་ཞིག་ཡིན་མོས། གང་ལྟར་སོ་སོའི་སྐད་ཡིག་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། སྔར་བོད་ཀྱི་ཆོས་རྒྱལ་ཚོ་དགོངས་པ་ཧ་ཅང་རྒྱ་ཆེན་པོ་རེད།
དཔེར་ན། དུས་རབས་བདུན་པའི་ནང་ཆོས་རྒྱས་སྲོང་བཙན་སྒམ་པོའི་སྐབས་ལ་བོད་ཡིག་ཡར་རྒྱས་བཏང་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེང་སྐབས་ལེགས་སྦྱར་གྱི་སྐད་ཡིག་དང་མཐུན་པ་ཞིག་ཡོད་པ་ནི་བོད་ཡིག་ཡིན་སྟབས། ང་ཚོར་སྐད་ཡིག་ཟུར་དུ་ཡོད་པ་དེ་ཧ་ཅང་དགའ་སྤོབས་སྐྱེ་འོས་པ་ཞིག་རེད། འཛམ་གླིང་འདིའི་སྟེང་གི་མི་རིགས་མང་པོ་ཞིག་གིས་རང་གི་བྱུང་རབས་ལོ་རྒྱུས་དེ་རྒྱུན་འཛིན་བྱེད་བཞིན་ཡོད། འོན་ཀྱང་མི་རིགས་ཁག་གཅིག་ལ་ཡི་གེ་མེད་སྟབས་ངག་རྒྱུན་ཐོག་ནས་མུ་མཐུད་དེ་རྒྱུན་འཛིན་བྱེད་ཐབས་དཀའ་བ་ཞིག་ཆགས་ཀྱི་ཡོད། ང་ཚོ་བོད་པའི་སྐད་ཡིག་ནང་དེང་རབས་ཀྱི་ཚན་རིག་དང་དངོས་ཁམས་རིག་པ། རྫས་འགྱུར་རིག་པ་སོགས་སྐད་ཡིག་གཞན་ནང་ཡོད་པའི་དེང་དུས་ཀྱི་རིག་གནས་ཁག་གཅིག་མེད་ཀྱང་། དེ་དག་མི་རིགས་གཞན་གྱི་སྐད་ཡིག་ནང་ནས་བོད་ཡིག་ནང་བསྒྱུར་ཏེ་རིམ་བཞིན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་ཀྱི་ཕྱོགས་ནས་ང་ཚོའི་སྐད་ཡིག་དེ་ཕྱུག་ཤོས་རེད། ཅེས་བརྗོད་ན་མི་ཆོག་པ་མེད། དེར་བརྟེན་སློབ་ཕྲུག་ཁྱེད་རང་ཚོས་སློབ་སྦྱོང་ལ་འབད་བརྩོན་ཆེ་ཙམ་བྱེད་དགོས། དཔེར་ན། སྲིད་སྐྱོང་བློ་བཟང་སེང་གེ་ལ་ཆ་མཚོན་ན། རྒྱ་གར་ནང་སྐྱེས་ཤིང་འདི་གར་སློབ་སྦྱོང་བྱས་ནས་འཚར་ལོངས་བྱུང་རྗེས་འཛམ་གླིང་སྟེང་སྙན་གྲགས་ཡོད་པའི་ཨ་རིའི་ཧར་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་ཏེ་ད་ཆ་བོད་མིའི་ཆབ་སྲིད་ཀྱི་འགན་ཁུར་མུས་ཡིན།
དེ་རིང་འདིར་ཡོད་པའི་སློབ་ཕྲུག་ཚོ་ཡིན་རུང་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱས་ན། མ་འོངས་པར་ད་ལྟའི་སྲིད་སྐྱོང་བཞིན་གྲུབ་འབྲས་ཐོན་སྲིད་པ་ཞིག་རེད། དེ་བཞིན་རྒྱ་ནག་ནང་དུ་ཆ་མཚོན་ན། འདས་པའི་ལོ་རྒྱུས་ནང་སྤྱི་ཚོགས་རིང་ལུགས་བཞག་སྟེ་མ་རྩ་རིང་ལུགས་ཐོག་ནས་མིའི་ཉིན་རེའི་འཚོ་བ་དེ་གལ་ཆེན་པོ་བརྩིས་ཏེ་དཔལ་འབྱོར་ཡར་རྒྱས་ཕྱོགས་ལ་ཤུགས་བརྒྱབ་སྟེ་ད་ལྟ་བར་འགྱུར་བ་མང་དག་ཅིག་ཕྱིན་ཡོད། རྩ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཐོག་ནས་གསར་འགྱུར་ཕྱི་གསལ་ནང་གསལ་མེད། ད་ཆ་ཞི་ཅིན་ཕིང་གི་དུས་ལ་སླེབས་ཡོད། སྤྱིར་བཏང་སྤྱི་ཚོགས་འཆམ་མཐུན་དགོས་རྒྱུ་ནི་མི་ཚང་མའི་འདོད་པ་རེད། སྤྱི་ཚོགས་ནང་ཁྲིམས་དྲང་པོ་མེད་པ་དང་། ལྐོག་ཟ་རུལ་སུངས་ལ་མི་ཚང་མས་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། འགྱུར་བ་ཞིག་མ་གཏང་རང་བཏང་ཆགས་ཀྱི་ཡོད།
དེར་བརྟེན་དེ་དག་ལ་འགྱུར་བ་གཏོང་རྒྱུར་ཆབ་སྲིད་ཕྱོགས་ནས་ཕྲན་བུ་རང་དབང་དང་མང་གཙོ་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་གསར་འགྱུར་བཀག་བསྡོམས་མ་བྱེད་རྒྱུ་སོགས་བྱ་རྒྱུ་ལས་ཐབས་ལམ་གཞན་གང་ཡང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས། ། དོང་མིའི་སྒྲིག་འཛུགས་དྲྭ་བ་ནས།
