རྒྱ་ གཞུང་ གིས་ བོད་ མིའི་ སྐད་ ཡིག་ དང་ རིག་ གཞུང་ རྩ་ བརླག་ གཏོང་ ཆེད་ ལྷ་ སའི་ སློབ་ གྲྭ་ ཁག་ ཏུ་ བོད་ སྐད་ ཡིག་ སློབ་ ཁྲིད་ ཉུང་ དུ་ བཏང་ ཡོད་ པ་ མ་ ཟད། ལྷ་ སའི་ ས་ གནས་ གང་ སར་ གློག་ གི་ བརྙན་ ཆས་ བཙུགས་ པ་ དང་ དམག་ མི་ འགྲེམས་ འཇོག་ གིས་ ལྷ་ ས་ ལྒང་ ཕུག་ ལྟར་ རིལ་ རིལ་ བཟོས་ འདུག་ ཅེས་ བོད་ ནས་ འབྱོར་ བའི་ བོད་ མི་ ཞིག་ གིས་ བརྗོད་ བྱུང་ །
ཉེ་ ལམ་ གསར་ འགོད་ པས་ དེ་ སྔོན་ ལྷ་ སའི་ མཐོ་ འབྲིང་ གསུམ་ པའི་ ནང་ སློབ་ གཉེར་ བྱས་ ཤིང་ ། ད་ ལྟ་ བཞུགས་ སྒར་ དབུས་ སྣེ་ ལེན་ ཁང་ དུ་ འབྱོར་ ཡོད་ པའི་ བོད་ མི་ ལྷག་ པ་ དོན་ གྲུབ་ དང་ ཐུག་ འཕྲད་ ཀྱིས། ལྷ་ སའི་ བོད་ རིགས་ གཞོན་ སྐྱེས་ ཚོའི་ བོད་ མི་
དགེ་ སློབ་ ༣༠༠༠ ཡས་ མས་ ཡོད་ པའི་ འཛིན་ རིམ་ བཅུ་ གཉིས་ བར་ གྱི་ སློབ་ གྲྭ་ དེར་ བོད་ ཡིག་ དགེ་ རྒན་ ཡག་ པོ་ ཁག་ ཅིག་ ཡོད་ སྟབས། ལྷ་ སའི་ ཉེ་ ཁུལ་ གྱི་ སློབ་ གྲྭའི་ ཁྲོད་ བོད་ ཡིག་ ཡག་ ཤོས་ སུ་ ངོས་ འཛིན་ བྱེད་ ཀྱི་ ཡོད་ ཀྱང་ ། སློབ་ གྲྭའི་ ནང་ ནམ་ རྒྱུན་ བོད་ ཡིག་ སློབ་ ཁྲིད་ དེ་ སྐད་ ཡིག་ གཉིས་ པར་ བཞག་ ཏེ་ སློབ་ ཁྲིད་ བྱེད་ པ་ དང་ ། ནམ་ རྒྱུན་ བོད་ སྐད་ ཡིག་ གི་ ལམ་ ནས་ རྩོམ་ ཡིག་ འགྲན་ བསྡུར་ དང་ སྙན་ ངག་ གྱེར་ འདོན་ སོགས་ བྱ་ འགུལ་ ཉུང་ བ། སློབ་ གྲྭའི་ དཔེ་ མཛོད་ སོགས་ སུ་ རྒྱལ་ གཅེས་ སློབ་ གསོ་ དང་ འབྲེལ་ བའི་ ཀློག་ དེབ་ དང་ ལོ་ རྒྱུས། རྣམ་ ཐར། ལྷ་ མོའི་ འཁྲབ་ གཞུང་ སོགས་ ཀློག་ དེབ་ རྣམ་ གྲངས་ ཁག་ ཅིག་ ལས་ མེད་ པ། སློབ་ གྲྭ་ སྤྱི་ ཡོངས་ སུ་ བོད་ རིགས་ སློབ་ མ་ མང་ པོ་ ཡོད་ ཀྱང་ ། སློབ་ གྲྭའི་ ནང་ དགེ་ སློབ་ གཉིས་ ཀྱིས་ རྒྱ་ སྐད་ དང་ རྒྱ་ ཡིག་ ལ་ དོ་ སྣང་ ཆེན་ པོ་ ཡིན་ པ་ བཅས་ ལ་ བརྟེན། བོད་ པའི་ སློབ་ མ་ མང་ ཆེ་ བར་ བོད་ ཡིག་ ལ་ དོ་ སྣང་ དང་ དགའ་ སྣང་ མེད་ པར། ནམ་ རྒྱུན་ རྒྱ་ ཡིག་ དང་ རྒྱ་ སྐད་ ཁོ་ ནར་ འབད་ པ་ བྱས་ ཏེ། སློབ་ གྲྭའི་ ཁོར་ ཡུག་ དེ་ རྒྱའི་ སློབ་ གྲྭ་ ལྟ་ བུ་ ཞིག་ ཏུ་ གྱུར་ ཡོད་ སྐོར་ དང་ ། དེ་ བཞིན། ལྷ་ སར་ བོད་ པ་ གཞོན་ སྐྱེས་ མང་ ཆེ་ བའི་ བོད་ ཡིག་ ལ་ དོ་ སྣང་ དང་ སློབ་ སྦྱོང་ བྱེད་ ཀྱི་ མེད་ པའི་ རྒྱུ་ རྐྱེན་ ཐད་ ཁོང་ གིས། “ ང་ རང་ གི་ ངོས་ ནས་ དེའི་ རྒྱུ་ རྐྱེན་ གཙོ་ བོ་ ལོ་ མང་ པོའི་ སྔོན་ ནས་ བཟུང་ རྒྱ་ རིགས་ མང་ པོ་ ལྷ་ སར་ གནས་ སྤོར་ གྱིས། བོད་ ཀྱི་ རྒྱལ་ ས་ ལྷ་ ས་ དེ་ རྒྱའི་ གྲོང་ ཁྱེར་ ལྟ་ བུ་ ཆགས་ ཏེ། ད་ ལྟའི་ ཆར་ ལྷ་ སར་ བོད་ སྐད་ བེད་ སྤྱོད་ མེད་ པའི་ གནས་ སུ་ གྱར་ བཞིན་ ཡོད་ པ་ དང་ ། ལྷག་ པར་ དུ་ སློབ་ གྲྭའི་ ནང་ དགེ་ སློབ་ གཉིས་ ཀྱིས་ རྒྱ་ ཡིག་ ལ་ མཐོང་ ཆེན་ དང་ རྒྱ་ སྐད་ བེད་ སྤྱོད་ བཏང་ སྟེ། བོད་ ཡིག་ ལ་ མཐོང་ མ་ སྤྲད་ པ་ སོགས་ ཀྱི་ དབང་ གིས་ གཞོན་ སྐྱེས་ མང་ པོ་ ཞིག་ ལ་ ཤུགས་ རྐྱེན་ ཐེབས་ ཏེ། ད་ ལྟ་ ལྷ་ སའི་ གཞོན་ སྐྱེས་ མང་ པོར་ བོད་ སྐད་ བཤད་ པར་ ཐ་ སྙད་ ཀྱི་ མི་ འདང་ བར་ བོད་ རིགས་ ཕན་ ཚུན་ བར་ རྒྱ་ སྐད་ རྒྱག་ བཞིན་ པའི་ གནས་ སུ་ གྱར་ ཡོད་ པ་ རེད། ” ཅེས་ བརྗོད་ བྱུང་ །
ཡང་ ལྷག་ པ་ ལགས་ ཀྱིས་ བརྗོད་ དོན་ ལྟར་ ན། ཕྱི་ ལོ་ ༢༠༠༨ ལོ་ ནས་ བཟུང་ རྒྱ་ གཞུང་ གིས་ ལྷ་ སར་ དམག་ མི་ འགྲེམས་ འཇོག་ གིས་ དམ་ དྲག་ ཤུགས་ ཆེན་ བྱས་ ཡོད་ པ་ མ་ ཟད། འདི་ ལོ་ ལྷ་ ལྡན་ གཙུག་ ལག་ ཁང་ གི་ མདུན་ དུ་ རང་ ལུས་ མེར་ བསྲེཊ་ ཀྱི་ གནས་ ཚུལ་ བྱུང་ རྗེས་ སྔར་ ལས་ ལྷག་ པའི་ དམ་ དྲག་ བྱས་ ཏེ། ལྷ་ སའི་ བར་ སྐོར་ དང་ པོ་ ཏཱ་ ལ། དེ་ མིན་ སེ་ འབྲས་ དགེ་ གསུམ་ བཅས་ མཆོད་ མཇལ་ འགྲོ་ སའི་ དགོན་ པ་ དང་ ལྷ་ ཁང་ ཡོངས་ ཀྱི་ སྒོ་ ཁར་ ཐེམ་ ཐོ་ ཞིབ་ བཤེར་ ཁང་ བཙུགས་ ཏེ་ ཞིབ་ བཤེར་ ནན་ མོ་ བྱེད་ ཀྱིན་ པ་ མ་ ཟད། ཐ་ ན་ དྲ་ ཁང་ དང་ རྩེད་ མོ་ རྩེད་ སའི་ ས་ གནས་ མང་ པོར་ ཐེམ་ ཐོ་ ལག་ འཁྱེར་ སྟོན་ དགོས་ པའི་ གནས་ སྟངས་ ཆགས་ ཡོད་ འདུག་ ལ། ད་ ཆར་ རྒྱ་ གཞུང་ གི་ དམག་ མི་ དང་ ཉེན་ རྟོག་ པ་ མང་ པོ་ མི་ སེར་ དཀྱུས་ མའི་ གོན་ པ་ གོན་ བཅུག་ ཏེ་ ལྟ་ རྟོག་ དང་ ། སློབ་ གྲྭ་ ཆེན་ མོ་ ཐོན་ པའི་ བོད་ རིགས་ སློབ་ མ་ མང་ པོ་ ལྟ་ སྲུང་ བར་ བསྐོ་ བཞག རླངས་ འཁོར་ ཁ་ ལོ་ བ་ ཇ་ ཁང་ དང་ ཟ་ ཁང་ ནང་ ལས་ ཀ་ བྱེད་ མཁན། ལྷམ་ ཕྱིས་ མཁན། གསང་ སྤྱོད་ བཀྲུས་ མཁན་ སོགས་ ལས་ རིགས་ འདྲ་ མིན་ ནང་ གསང་ ཉུལ་ བ་ མང་ པོ་ བཞག་ ཡོད་ སྟབས། རང་ དགར་ དྲ་ ལམ་ ནས་ བོད་ དོན་ དང་ འབྲེལ་ བའི་ གནས་ ཚུལ་ ཐོས་ པའམ་ ཡང་ ན་ གྲོགས་ པོ་ སོགས་ བརྒྱུད་ དེ་ གོ་ བའི་ བོད་ དོན་ གནས་ ཚུལ་ རིགས་ བཤད་ ཚེ་ ལམ་ སེང་ འཛིན་ བཟུང་ བྱས་ པ་ སོགས་ གང་ བྱུང་ སྐད་ ཆ་ འདྲ་ མིན་ བཤད་ མི་ ཕོད་ པའི་ གནས་ སྟངས་ ཆགས་ བསྡད་ ཡོད་ པ་ དང་ ། སློབ་ གྲྭའི་ ནང་ ལ་ མཚོན་ ན་ སློབ་ མ་ ཚོར་ བོད་ དོན་ སྐོར་ གྱི་ སྐད་ ཆ་ བཤད་ འདོད་ དང་ ཉན་ འདོད། བོད་ དོན་ གྱི་ གླུ་ གཞས་ གཏོང་ འདོད་ ཡོད་ ཀྱང་ ། ད་ ཆར་ ལྷ་ སར་ ལྟ་ རྟོག་ བྱེད་ མཁན་ དང་ གློག་ གི་ བརྙན་ ཆས་ སོགས་ ཐབས་ ལམ་ འདྲ་ མིན་ གྱིས། བོད་ མི་ ཚོ་ ལྒང་ ཕུག་ ལྟར་ རྡོག་ རྡོག་ རིལ་ རིལ་ ཞིག་ བཟོས་ ཡོད་ སྟབས། ཁོང་ དང་ ན་ མཉམ་ གཞོན་ སྐྱེས་ མང་ པོ་ ཕྱི་ ཕྱོགས་ སུ་ ཡོང་ སྟེ་ སློབ་ སྦྱོང་ བྱ་ འདོད་ ཀྱི་ འདུན་ པ་ ཡོད་ པའི་ སྐོར་ སོགས་ བརྗོད་ བྱུང་ །
ཁོང་ ལ་ ད་ ལྟའི་ ཆར་ ལྷ་ སའི་ ཉེ་ འཁོར་ གྱི་ རྒན་ རབས་ པ་ དང་ གཞོན་ སྐྱེས་ ཚོའི་ འཚོ་ བ་ སྐྱེལ་ སྟངས་ དང་ ། གཞོན་ སྐྱེས་ ཁྲོད་ བོད་ དོན་ ཐད་ གླེང་ སློང་ གང་ འདྲ་ ཡོད་ མེད། ཁོ་ རང་ གི་ ངོས་ ནས་ བོད་ ནང་ རང་ ལུས་ མེར་ བསྲེཊ་ གནང་ བའི་ གནས་ ཚུལ་ རིམ་ པ་ གོ་ ཡོད་ མེད་ སོགས་ ཀྱི་ ཐད་ སྐད་ ཆ་ དྲིས་ པར་ ཁོང་ གིས། “ ད་ ལྟའི་ ཆར་ ལྷ་ སའི་ བོད་ མི་ ཚོས་ ཁང་ པ་ རྣམས་ རྒྱ་ རིགས་ དང་ ། ཁམས་ དང་ ཨ་ མདོ་ ནས་ ཡོང་ མཁན་ གྱི་ ཚོང་ པ་ ཚོར་ གླ་ བཏང་ རྗེས། རྒན་ པ་ ཚོ་ མང་ ཆེ་ བ་ ནམ་ རྒྱུན་ སྐོར་ བར་ འགྲོ་ རྒྱུ་ དང་ ། ཇ་ ཁང་ དང་ རྒྱན་ ཁང་ ནང་ དུས་ ཚོད་ མང་ ཆེ་ བ་ སྐྱེལ་ གྱི་ འདུག་ ལ། གཞོན་ སྐྱེས་ ལོ་ ཆུང་ མང་ ཆེ་ བ་ དྲ་ ཁང་ དང་ རྩེད་ ཁང་ ། གླུ་ གར་ ཁང་ སོགས་ སུ་ དུས་ ཚོད་ གཏོང་ བ་ དང་ ། ནམ་ རྒྱུན་ གློག་ ཀླད་ དང་ ལག་ འཁྱེར་ ཁ་ པར། དེང་ རབས་ འཕྲུལ་ ཆས་ སོགས་ ཀྱི་ སྐོར་ གླེང་ བསྡད་ ཡོད་ པའི་ ཚོར་ སྣང་ བྱུང་ ། ལྷག་ པར་ དུ་ ལྷ་ སར་ གྲོང་ ཁྱེར་ གཞན་ ལས་ ལྷག་ པའི་ ཆང་ ཁང་ དང་ གཞང་ ཁང་ མང་ པོ་ བཙུགས་ ཡོད་ པ་ དེས་ བོད་ མི་ མང་ པོར་ ན་ ཚ་ འདྲ་ མིན་ འགོས་ བཞིན་ པ་ མ་ ཟད། གཞོན་ སྐྱེས་ མང་ པོ་ འཕྲོ་ བརླག་ ཏུ་ གཏོང་ བཞིན་ འདུག་ ལ། ས་ གནས་ ཀྱི་ ཁོར་ ཡུག་ ལ་ གནོད་ སྐྱོན་ ཚབས་ ཆེན་ ཐེབས་ བཞིན་ འདུག རང་ ལུས་ མེར་ བསྲེཊ་ ཀྱི་ གནས་ ཚུལ་ ཐད་ ང་ རང་ གི་ ངོས་ ནས་ ཁམས་ དང་ ཨ་ མདོའི་ ཕྱོགས་ གནས་ ཚུལ་ ཕར་ ཞོག ཐ་ ན་ ལྷ་ སའི་ མེར་ བསྲེགས་ ཀྱི་ གནས་ ཚུལ་ ཡང་ བལ་ ཡུལ་ སྣེ་ ལེན་ ཁང་ ལ་ བསླེབས་ རྗེས་ མ་ གཏོགས་ གོ་ མ་ བྱུང་ ། ”ཞེས་ བརྗོད་ བྱུང་ །
མཇུག་ མཐར་ ཁོང་ གིས། “ང་ ལ་ མཚོན་ ན་ འདིར་ ཡོང་ བའི་ དམིགས་ ཡུལ་ དང་ པོ་ ༸གོང་ ས་ མཆོག་ ལ་ མཇལ་ ཁ་ ཞུ་ ཆེད་ དང་ ། གཉིས་ པ་ དབྱིན་ ཇི་ ཡག་ པོ་ ཞིག་ སྦྱངས་ རྗེས། ངས་ རྒྱ་ ཡིག་ ཏོག་ ཙམ་ ཤེས་ པས་ འདི་ གར་ ཞབས་ ཞུ་ ཏོག་ ཙམ་ བསྒྲུབ་ ཐུབ་ ན་ བསམ་ གྱི་ ཡོད།” ཅེས་ བརྗོད་ བྱུང་ །
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
