
ཁོང་ཚོའི་དྲ་ངོས་ཀྱི་གནས་ཚུལ་ལྟར་ན། བོད་ལྗོངས་འཕྲིན་དྲ་ཞེས་བ་ནི་གཙོ་བོ་འགུལ་རིས་ཆ་འཕྲིན་པར་གཞི་ཡིན་པ་དང་། དེའི་ནང་བོད་ཀྱི་གསར་འགྱུར་ཆ་འཕྲིན་དང་། རླུང་འཕྲིན་བརྙན་འཕྲིན། བརྙན་ཕབ། གླུ་གཞས། པར་མཛོད་སོགས་གཞི་གཅིག་ཏུ་བསྡུས་ཤིང་། བོད་རྒྱ་ཡིག་རིགས་གཉིས་མཉམ་དུ་བཀོལ་སྤྱོད་ཐུབ་པའི་APPསམ་གཉེན་ཆས་ཞིག་ཡིན། APPདེ་ནས་བོད་དང་འབྲེལ་བ་ཡོད་པའི་ཡི་གེ་དང་པར་རིས། སྒྲ་བརྙན་ཕབ་སོགས་གསར་འགྱུར་ཆ་འཕྲིན་ཁུངས་བཙན་ཤེས་ཐུབ་པ་དང་། བོད་རྒྱ་སྐད་རིགས་གཉིས་ནས་བཏང་བའི་བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་དེང་དུས་གླུ་གཞས་ཅུང་ཆ་ཚང་བ་ཉན་ཐུབ་པ་དང་ཆབས་ཅིག་བོད་ཡིག་གི་གཞས་ཚིག་ལྟ་ཐུབ་པ་མ་ཟད། བོད་ཀྱི་ཡུལ་ལྗོངས་སོགས་ཀྱི་པར་རིས་ཀྱང་ལོངས་སྤྱོད་ཐུབ་པ་དང་། འཕྲིན་དྲ་འམ་གཉེན་ཆས་འདིའི་བཟོ་བསྐྲུན་བདག་དབང་འཛིན་མཁན་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཡིན་པ་སོགས་འཁོད་འདུག
འཕྲིན་དྲ་གཉེན་ཆས་གསར་པ་དེ་ནི་ཕྱི་ཟླ་༡༠ཚེས་༢༩ཉིན་གསར་དུ་སྒོ་འབྱེད་བྱས་བ་དང་། དེ་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་ལྟ་ཞིབ་དང་། ཆོག་མཆན་ཐོབ་པའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཞིག་ཡིན་འདུག
དྲ་གནས་ནི་http://www.vtibet.com/tb/download/
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།