ཕྱི་ཟླ་༡༡ པའི་ཚེས་༦ ཉིན། རྒྱ་ནག་ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་ཐའེ་ཡེན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་ལས་ཁུངས་མདུན་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ། མི་༡ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༨ ལ་རྨས་སྐྱོན་ཕོག་ཡོད་པ་རེད།
རྒྱ་ནག་བྱང་ཕྱོགས་ཧྲན་ཞི་ཞིང་ཆེན་གྱི་ལྟེ་གནས་ཐའེ་ཡེན་གྲོང་ཁྱེར་ནང་གི་ཞིང་ཆེན་སྲིད་གཞུང་ལས་ཁུངས་མདུན་དུ ། འབར་རྗས་ཆུང་གྲས་ཐེངས་༧ བསྟུད་མར་གས་གཏོར་གྱིས། ཉུང་མཐར་ཡང་མི་༡ ལ་སྲོག་སྐྱོན་དང་། མི་༨ ལ་རྨས་སྐྱོན་ཕོག་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ནས་ཐེངས་འདིའི་དོན་རྐྱེན་གྱི་གནས་ཚུལ་ཉུང་ཤས་རེ་ཐོན་ཡོད་ཀྱང་། དོན་རྐྱེན་དེའི་འབྱུང་རྐྱེན་དང་བརྒྱུད་རིམ་སོགས་གནས་ཚུལ་ཆ་ཚང་ཞིག་ཤེས་རྟོགས་ཡོང་ཐབས་བྲལ་བ་མ་ཟད། ཝེ་པའོ་དྲ་བ་སོགས་ཀྱི་ཐོག་དུ་དེའི་སྐོར་གྱི་བགྲོ་གླེང་དང་མཆན་ཡོངས་རྫོགས་ནག་གསུབ་བཏང་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་ས་ཁུལ་མང་པོར་འདོད་བློ་མ་ཁེངས་པའི་མི་སེར་ཚོས་དེ་ལྟར་བྱས་པའི་གནས་ཚུལ་བྱུང་ཡོད། རྒྱ་ནག་གཞུང་གིས་དྲག་སྤྱོད་པའི་གཏོར་རྒོལ་ཡིན་པར་དོགས་པ་བྱེད་སའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མོ་ཊ་བརྡབ་སྐྱོན་བྱུང་ནས། བདུན་ཕྲག་གཅིག་ལྷག་ལས་ཕྱིན་མེད་པའི་མཚམས་སུ་ཧྲན་ཞིའི་འབར་གས་ཀྱི་དོན་རྐྱེན་དེ་བྱུང་བ་དང་། ཕྱིའི་བརྒྱུད་ལམ་ཁག་ཏུ་གོང་གི་གནས་ཚུལ་དེ་དང་། ཉིན་ཤས་རྗེས་འཚོག་གཏན་འཁེལ་རྒྱ་ནག་དམར་ཤོག་གི་ཚོགས་ཐེངས་བཅོ་བརྒྱད་པ་དང་འབྲེལ་ནས་དཔྱད་བརྗོད་སྤེལ་བཞིན་པ་རེད།
ཕྱི་ཟླ་༡༡ པའི་ཚེས་༦ ཉིན་གྱི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པ་ཞིག་གིས་ཧྲན་ཞི་ཐའེ་ཡེན་དུ་བྱུང་བའི་འབར་གས་དེ་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་དམིགས་པ་ཞིག་མིན་སྐོར་སྐད་ཆ་དྲིས་སྐབས། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཧོང་ལཱན་གྱིས་བརྗོད་དོན། “སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་གལ་ཆེའི་ཚོགས་འདུ་ཞིག་རེད། ཚོགས་ཆེན་དེ་རྒྱལ་ཁའི་ངང་འཚོགས་ཐུབ་པའི་རེ་བ་ཡོད། ཞའ་ཞི་ཞིང་ཆེན་དུའང་རྡོ་སོལ་གཏེར་ལས་གྱི་ཁེ་ཕན་དང་། ངལ་རྩོལ་ཆ་རྐྱེན་དང་འབྲེལ་བའི་རྩོད་རྙོག་རྒྱུན་དུ་བྱུང་བཞིན་པ་དང་། དེ་ཡང་དབང་ཚད་ཡོད་པའི་གཏེར་ཁའི་དཔོན་རིགས་ཀྱི་རུལ་སུངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་”ལན་འདེབས་བྱས་ཡོད་པ་རེད། བང་ཆེན་དྲ་བ་ནས།།