ཕྱི་ཟླ་༡༡ པའི་ཚེས་༩ རེས་གཟའ་སྤེན་པའི་ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་ལྷན་ཁང་ (ཀྲུང་ཨུ) གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་པེ་ཅིང་དུ་འགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་དེ་ནི་ཞི་ཅིན་ཕིང་གི་མ་འོངས་པའི་ཆབ་སྲིད་ཁ་ཕྱོགས་ཀྱི་གཞི་འདིང་ས་ལྟ་བུ་ཞིག་ཆགས་ཡོད་འདུག
ཉིན་གྲངས་༤ རིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་ཆེན་དེ་པེ་ཅིང་དུ་བདེ་འཇགས་ལ་དམ་དྲག་ཆེན་པོས་འོག་འཚོགས་ཡོད་པ་དང་། དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཁྱོན་༣༨༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད། ཚོགས་ཆེན་དེའི་སྟེང་དཔལ་འབྱོར་དང་དངུལ་རྩ། སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་གི་ནང་དུ་གལ་ཆེའི་བཅོས་བསྒྱུར་ཡོང་བའི་ངོས་འཛིན་བྱས་ཏེ། རྒྱ་ནག་ནང་དང་ཕྱི་ལོགས་གང་སར་ནས་ཐེངས་འདིའི་ཚོགས་ཆེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཚོགས་ཆེན་དེ་མ་འཚོག་པའིི་སྔོན་དུ་ཞི་ཅིན་ཕིང་དང་ལི་ཁེ་ཆང་གཉིས་ས་གནས་ཁག་མང་པོ་ཞིག་གི་ནང་ལྟ་སྐོར་རུ་སོང་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་“ཐེངས་འདིའི་ཚོགས་ཆེན་ཐོག་བཅོས་བསྒྱུར་གཏིང་ཟབ་ཀྱི་གནད་དོན་ལ་ཞིབ་འཇུག་དང་སྤྱི་ཡོངས་ཀྱི་བཀོད་སྒྲིག་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག་ལ། དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཡུས་ཀྲིན་ཧྲིན་གྱིས་ཀྱང་“ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་བཅོས་བསྒྱུར་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏིང་ཟབ་ལུགས་བརྗོད་འདུག
ཆབ་སྲིད་དཔྱད་བརྗོད་པ་འགའ་ཞིག་གིས་ངོས་འཛིན་བྱས་དོན་ལྟར་ན། དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡིས་རྒྱལ་ཕྱི་ནང་དུ་རྒྱ་ནག་གི་མ་འོངས་པའི་ལོ་༥ དང་༡༠ རིང་གི་སྲིད་ཇུས་ཀྱི་འཆར་བཀོད་གསལ་སྟོན་བྱེད་རྒྱུ་ཡིན་ནའང་། དངོས་ཡོད་ཀྱི་སྲིད་ཇུས་ལག་སྟར་ནི་དེ་ལས་ཀྱང་གལ་ཆེ་བ་དང་། ཐོལ་བརྒལ་རང་བཞིན་ཅན་གྱི་བཅོས་བསྒྱུར་ཞིག་བྱེད་ཐུབ་པར། ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་བརྟོལ་ནུས་པའི་སྙིང་སྟོབས་དགོས་ཀྱི་ཡོད་པ་རེད།
བང་ཆེན་དྲ་བ་ནས།།