རྒྱ་གཞུང་གིས་ཉེན་རྟོག་པས་ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་འཛིན་བཟུང་བཙན་བྱས་རྗེས། ས་གནས་མི་མང་དང་གྲྭ་མང་གིས་ཁོང་གློད་གྲོལ་དགོས་པའི་ལས་འགུལ་མུ་མཐུད་དུ་སྤེལ་གྱི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཚེས་༡༨ ཉིན་གྱི་ཞོགས་པར་ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་གྲྭ་
མང་དང་། ས་གནས་མི་མང་གིས་མཁན་པོ་ཀར་ཚེ་གློད་གྲོལ་དགོས་པའི་ཞུ་འབོད་གོམ་བགྲོད་བྱས་ཏེ་རྫོང་ཐོག་ཏུ་སླེབས་གྲབས་བྱེད་སྐབས། ས་གནས་ཀྱི་རྫོང་དཔོན་སོགས་དཔོན་རིགས་མཐོ་གྲས་ཁག་ཅིག་སླེབས་ནས་ཁྱོད་ཚོས་ལས་འགུལ་དེ་འདྲ་མ་སྤེལ་དང་མཁན་པོ་མགྱོགས་པོར་གློད་གྲོལ་ཡོང་བ་ང་ཚོས་འགན་ཁུར་ཆོག་ཅེས་བརྗོད་པར་བརྟེན་མི་མང་གིས་གོམ་བགྲོད་ལས་འགུལ་མཚམས་འཇོགས་བྱས་ཡོད་འདུག
མཁན་པོ་ཀར་ཚེ་དགོན་པའི་ཆེད་དུ་སྐུ་འདྲ་ཆེན་པོ་ཞིག་བསླུ་བར་འགྲོ་སྐབས་ཕྱི་ཟླ་༡༢ ཚེས་༦ གི་མཚན་མོའི་ཆུ་ཚོད་༡ ཙམ་ལ་རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་ནས་རྒྱ་གཞུང་གིས་ལྐོག་ཏུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་རྗེས། ས་གནས་མི་མ་གིས་ཁོང་གློད་གྲོལ་དགོས་པའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་དང་། མཁན་པོ་ཀར་ཚེས་ས་གནས་མི་མང་ལ་ཁ་པར་བཏང་ནས་ཁོང་བདེ་ཐང་ཡིན་སྐོར་གསུང་ཡོད་འདུག་ཀྱང་། དེ་རྗེས་སླར་ཡང་གར་སོང་མེད་པར་གྱུར་རྐྱེན་དགོན་པའི་གྲྭ་མང་དང་ས་གནས་མང་ཚོགས་ཀྱིས་མཁན་པོ་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་གོམ་བགྲོད་བྱས་ཡོད་པ་རེད།
མཁན་པོ་ཀར་ཚེ་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ཁོང་དེ་སྔོན་ནས་རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་དང་། གལ་སྲིད་ཁོང་ནང་ཆེན་ནས་ས་མཚམས་བརྒལ་ནས་འགྲོ་དགོས་ཚེ་ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག བང་ཆེན་དྲ་བ་ནས།།
