འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་ཝེ་པའོ་སོགས་དྲ་ཐོག་གི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་ནན་མོ་བྱས་ཡོད་ཀྱང་། སྤྱི་ཚོགས་བརྒྱུད་ལམ་འཕྲིན་ཕྲན་ (Wechat) ལ་གཞུང་གིས་རྩད་ཞིབ་དང་གནོན་ཤུགས་སྤྲད་པའི་གནས་ཚུལ་རྒྱ་ནག་སྐམ་སའི་དྲ་རྒྱ་གཞན་དག་དང་བསྡུར་ན་ཅུང་ཉུང་བ་ཡོད་པ་རེད།
ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ཚེས་༡༥ རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲོལ་ཏེ་ཉིན་གཉིས་སོང་བའི་ཉིན། རྒྱ་ནག་མི་དམངས་དྲ་བའི་ཐོག་<<རྒྱ་ནག་དབུས་དམར་ཤོག་ཚོགས་པའི་བཅོས་བསྒྱུར་གཏིང་ཟབ་སྐོར་གྱི་གལ་ཆེའི་ཐག་གཅོད་འགའ་>> ཞེས་པའི་ཡིག་ཆ་ཁྱབ་སྤེལ་བྱས་ཡོད་ཀྱང་། དོན་དངོས་སུ་དེའི་ཉིན་གཅིག་སྔོན་གྱི་ཕྱི་ཟླ་༡༡ པའི་ཚེས་༡༤ ཉིན། ཡིག་ཆ་དེའི་ནང་དོན་ཝེ་པའོ་སོགས་དྲ་ཐོག་ཏུ་ས་ཁྱབ་རྡོ་ཁྱབ་གྱུར་ཡོད་པ་མ་ཟད། འཕྲིན་ཕྲན་བརྒྱུད་དེ་ལག་ཁྱེར་ཁ་པར་ནང་དུའང་ཤུགས་ཆེར་ཁྱབ་ཡོད་འདུག
མི་ཧ་ཅང་མང་པོ་ཞིག་གིས་དེ་ནི་དཔེར་མཚོན་ཞིག་ཏུ་བགྲང་བཞིན་པ་དང་། དཔེར་མཚོན་དེ་ལས་གསལ་བ་ལྟར་ན། ཝེ་པའོ་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་བརྒྱུད་ཁག་གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་གནས་ཚུལ་སྒེར་འཛིན་བྱས་པའི་ལུགས་སྲོལ་དེ་གཏོར་ཟིན་ཡོད་པ་རེད།
གནས་ཚུལ་ཐོན་པར་གཞིགས་ན། འཕྲིན་ཕྲིན་ནི་རྒྱ་ནག་ཏུ་ཡོད་པའི་ཐང་ཞུའུ་ཞེས་པའི་བཟོ་གྲྭས་ལོ་༣ གྱི་སྔོན་དུ་ལག་ཁྱེར་ཁ་པར་ཆེད་འགྲེམ་སྤེལ་བྱས་པའི་རིན་མེད་འཕྲལ་སེལ་བརྡ་འཕྲིན་གཉེན་ཆས་ཤིག་ཡིན་པ་དང་། ད་ལྟའི་ཆར་སའི་གོ་ལའི་ཁྱོན་ཡོངས་སུ་བཀོལ་སྤྱོད་བྱེད་མཁན་དུང་ཕྱུར་༦ ལྷག་ཡོད་འདུག་ཅིང་། ཟླ་རེར་བྱེད་སྤྱོད་མཁན་དུང་ཕྱུར་༢།༧ འཕར་བཞིན་འདུག་པ་མ་ཟད། ཉེ་སྔོན་ཀུ་ཤུ་བཟོ་གྲྭའི་དྲ་ཐོག་ཚོང་མཛོད་(Internet Store )ནང་གི་ཚོང་རྒྱུགས་ཤོས་ཨང་རིམ་དང་པོར་སླེབས་ཡོད་པ་རེད། འཕྲིན་ཕྲིན་གྱི་“ཚོགས་པའི་ཁ་བརྡའི”་བྱེད་ལས་དང་“གཟུགས་མཐོང་ཁ་བརྡའི”་བྱེད་ལས། “སྤྲུག་གསིག་གྲོགས་སྒྲིག་”བྱེད་ལས་སོགས་ལ་བེད་སྤྱོད་བཏང་མཁན་ཚོས་དགའ་མོས་བྱེད་བཞིན་ཡོད་འདུག
ཐང་ཞུའུ་བཟོ་གྲྭའི་སྤྱི་ཚོགས་བརྒྱུད་ལམ་གཞན་QQ དང་ཝེ་པའོ་གཉིས་ཐོག་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་ནང་དོན་ལ་རྩད་ཞིབ་ཧ་ཅང་ནན་མོ་བྱེད་བཞིན་པ་མ་ཟད། མཆན་དང་ཡི་གེ་ནག་གསུབ་གཏོང་བ་དང་སྒོ་རྒྱག་པའི་གནས་ཚུལ་རྒྱུན་དུ་བྱུང་བཞིན་ཡོད་པ་རེད། དེར་བརྟེན། འཕྲིན་ཕྲན་བཀོལ་སྤྱོད་མཁན་མང་པོ་ཞིག་ལ་དེ་ཙམ་ཞེད་སྣང་གི་ཚོར་བ་སླེབས་ཀྱི་མེད་ཀྱང་། མཐའ་གཅིག་ཏུ་གཞུང་གིས་གནས་ཚུལ་བཀག་སྡོམ་ཁོངས་གཏོགས་སུ་མེད་པ་ཞིག་གཏན་ནས་མིན་པ་མ་ཟད། འཕྲིན་ཕྲིན་ནང་དུའང་ཡི་གེ་
རྒྱ་ནག་གི་སྨྲ་བརྗོད་ཐོབ་ཐང་དྲ་བའི་གླེང་སྟེགས་གསར་བཟོ་མཁན་ཝང་ཙང་གིས་བརྒྱུད་ལམ་ཁག་ཏུ་མ་འོངས་པར་འཕྲིན་ཕྲིན་ནང་གི་སྨྲ་བརྗོད་རང་དབང་ལའང་བཀག་སྡོམ་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱས་འདུག དེ་ཡང་ཁོང་གིས། “ཕྱི་ཟླ་༩ པའི་ནང་རྒྱ་ནག་གཞུང་གིས་ཁྲིམས་གཏུགས་གཏན་འབེབས་བྱས་ཏེ། དྲ་ཐོག་ཏུ་དཀྲོག་གཏམ་ཐེངས་༥༠༠ བརྒྱུད་བཀོད་བྱས་ན་ཁྲིམས་འགལ་ཡིན་པར་བརྗོད་པའི་རྗེས། མི་མང་པོས་ཝེ་པའོ་ནས་འཕྲིན་ཕྲན་ཐོག་ཏུ་བརྒྱུད་བཀོད་བྱས་ཏེ། བསམ་ཚུལ་སྤེལ་བ་བགྲོ་གླེང་ལྷུག་པོར་བྱེད་བཞིན་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་ནན་མོ་བྱེད་བཞིན་པའི་གནས་སྟངས་འོག འཕྲིན་ཕྲིན་ནང་གི་སྨྲ་བརྗོད་ཁོར་ཡུག་ཀྱང་ཆུང་དུ་འགྲོ་སྲིད་པའི་སེམས་འཚབ་ཡོད་”སྐོར་འགྲེལ་བརྗོད་བྱས་འདུག བང་ཆེན་དྲ་བ་ནས།།