རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཀྲིག་ཡུང་ཁང་ལ་དོན་རྐྱེན་ལྷག་པའི་གནས་ཚུལ་གང་སར་ཐོན་པ།

རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཟུར་པ་ཀྲིག་ཡུང་ཁང་ལ་དོན་རྐྱེན་ལྷག་པའི་གནས་ཚུལ་གང་སར་ཐོན་བཞིན་ཡོད་ནའང་། པེ་ཅིང་སྲིད་གཞུང་གིས་ད་དུང་གནས་ཚུལ་དེ་བདེན་པ་ཡིན་པའི་ར་སྤྲོད་བྱས་མེད་པ་རེད།
པའོ་ཞི་ལེ་ཡི་དོན་རྐྱེན་བྱུང་བའི་རྗེས་ཀྱི་ཟླ་ཤས་རིང་། ཀྲིག་ཡུང་ཁང་གི་ཕྱོགས་གཏོགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་གནས་དབྱུང་བཏང་ཡོད་པ་དང་།
དབང་ཆ་འཐབ་རྩོད་ཀྱི་མེ་རླབས་དེ་ཀྲིག་ཡུང་ཁང་དང་ཐག་རིང་པོ་མེད་པའི་ངོས་འཛིན་བྱེད་བཞིན་འདུག
ཉེ་བའི་ཉིན་ཤས་རིང་། རྒྱ་ནག་དམར་ཤོག་གི་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཀྲིག་ཡུང་ཁང་དང་འབྲེལ་བའི་གནས་ཚུལ་འདྲ་མིན་ཁྱབ་བཞིན་པ་དང་། རེས་གཟའ་ཟླ་བའི་ཉིན། ཧོང་ཀོང་གི་སན་ཐའོ་ཉིན་རེའི་ཚགས་པར་(Sing Tao daily) གྱིས་གནས་ཚུལ་མཁོ་སྤྲོད་བའི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། པེ་ཅིང་སྲིད་གཞུང་གིས་ལྷན་ཁང་དང་། གཞུང་ལས་ཁང་དང་དོན་གཅོད་ཁང་གནས་རིམ་ཡན་གྱི་དཔོན་རིགས་རྣམས་ལ་གལ་ཆེའི་ཡིག་ཆ་ཞིག་སྤྲོད་ཡོད་པའི་ནང་། ཀྲིག་ཡུང་ཁང་གིས་“སྲིད་གཞུང་འགོ་རྟིང་སློག་འདོད་དང་ལྐོག་ཟ་རུལ་སུངས་”དོགས་གཞི་ལ་བརྟེན་ནས་འཇུ་བཟུང་བྱས་པའི་སྐོར་འཁོད་ཡོད་པ་རེད། ཐའེ་ཝན་མཉམ་འབྲེལ་གསར་ཁང་གིས་རེས་གཟའ་ཟླ་བའི་ཉིན་ཀྲིག་ཡུང་ཁང་འཇུ་བཟུང་བྱས་ཟིན་པའི་གནས་ཚུལ་སྤེལ་ཡོད་པ་མ་ཟད། ཉིན་དེར་པེ་ཅིང་སྲིད་གཞུང་གིས་དེའི་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་སྲིད་པའི་ཚོད་དཔག་ཀྱང་བྱས་ཡོད་འདུག
པེ་ཅིང་ཕྱོགས་ནས་བརྒྱུད་ལམ་ཁག་དེ་དག་གིས་སྤེལ་བའི་གནས་ཚུལ་བདེན་པ་ཡིན་པའི་ར་སྤྲོད་བྱས་མེད་པ་མ་ཟད། དེ་དང་འབྲེལ་བའི་གནས་ཚུལ་ཐམས་ཆད་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་ནའང་། ཉིན་དེར་དམར་ཤོག་ཚོགས་པའི་ཁྱད་ཆོས་ལྡན་པའི་རྒྱ་ནག་སྐམ་ས་ནང་ལོགས་ཀྱི་བརྒྱུད་ལམ་(དཔལ་འབྱོར་དྲ་བ་) ཞེས་པའི་སྟེང་། ཁ་བྱང་ལ་<< ཞིང་བྲན་སྤྱི་ཚོགས་ནང་དཔོན་ཆེན་ལ་ཁྲིམས་ཆད་གཏོང་མི་ནུས་པ་ཡིན་ནམ་>> ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། ཤུགས་ནས་སྐྱོན་འཛུགས་ཀྱི་བསམ་ཚུལ་དྲག་པོ་བརྗོད་ཡོད་པ་རེད། རྩོམ་ཡིག་དེའི་ནང་འཁོད་དོན། “ སྤྱིར་བཏང་གི་མང་ཚོགས་ནང་དུ་ངོས་འཛིན་བྱེད་སྟངས་མི་འདྲ་བ་དང་། རྒྱལ་རབས་རིམ་བྱོན་ཁྲོད་དཔོན་ཆེན་མང་པོ་ཞིག་ཁྲིམས་ལ་སྦྱར་མྱོང་བ་དེས་དོན་དངོས་ཀྱི་ཐོག་ནས་“དཔོན་ཆེན་ལ་ཁྲིམས་ཆད་གཏོང་མི་ནུས་པའི་”སྐད་ཆ་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། དཔོན་ཆེན་ལ་ཁྲིམས་ཆད་གཏོང་མི་ནུས་པའི་ངོས་འཛིན་བྱས་པ་ལྟར། མཐོ་རིམ་དཔོན་རིགས་ལ་ཁྲིམས་ཆད་མི་ཕོག་པའི་སྐད་ཆའང་རྨང་གཞི་མེད་པར་གྱུར་ཡོད། པའོ་ཞི་ལེ་ལ་ཡོངས་གྲགས་ཀྱིས་ཁྲིམས་བཤེར་བྱས་རྗེས། མི་སུ་ཞིག་གི་སེམས་ལའང་“དཔོན་ཆེན་ལ་ཁྲིམས་ཆད་གཏོང་མི་ནུས་པའི་”རླུང་རྟ་མེད་པར་གྱུར་པ་རེད་ཅེས་བཀོད་འདུག
ཧོང་ཀོང་“སྒོ་འབྱེད་” དུས་དེབ་ཀྱི་རྩོམ་སྒྲིག་པ་ཚེ་ཡུང་མན་གྱིས་རེས་གཟའ་མིག་དམར་ཚེས་༣ ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་སྐབས་བརྗོད་དོན། པེ་ཅིང་སྲིད་གཞུང་གིས་ད་དུང་ར་སྤྲོད་བྱས་མེད་ཀྱང་། གནས་ཚུལ་དེ་ཁུངས་ལུང་མེད་པ་ཞིག་ཁྱོན་ནས་མ་རེད། ཡིན་ནའང་ངེས་པར་དུ་འཇུ་བཟུང་བྱེད་དགོས་པའི་ངེས་པ་མེད། ལྐོག་ཟ་རུལ་སུངས་ནི་ཁ་གཡར་ལག་འཕྱིས་བྱེད་ས་ཙམ་རེད། འགག་རྩ་དེ་དབང་ཆ་འཐབ་རྩོད་རེད། ཐེངས་འདིའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཐེངས་དང་པོར་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པ་དང་། ད་དུང་ཞི་ཅིན་ཕིང་གི་དབང་ཤུགས་ཇེ་ཆེར་སོང་ཡོད་པས། གདོང་ལེན་ཐོག་མར་བྱེད་ས་དེ་ཀྲིག་ཡུང་ཁང་ཡིན་པ་དང་། ཀྲིག་ལ་ལག་འགུལ་ཡོད་པའི་སྐད་ཆ་དེ་སྔོན་ནས་ཕྱིར་ཁྱབ་ཚར། དེ་བཞིན་འཐབ་རྩོད་འདིས་མཇུག་མཐར་ཀྲིག་ཡུང་ཁང་མཐའ་གཅིག་ཏུ་ཕམ་པར་རྒྱག་རྒྱུ་རེད་ཅེས་བརྗོད།
ཧོང་ཀོང་གི“ལྷོ་རྒྱ་ནག་གི་ཞོགས་ཚགས་” སྟེང་ཕྱི་ཟླ་༡༠ པའི་ཚེས་༢༡ ཉིན་གནས་ཚུལ་ཞིག་སྤེལ་པའི་ནང་། ཞི་ཅིན་ཕིང་གིས་ཀྲིག་ཡུང་ཁང་ལ་བརྟག་དཔྱད་ བྱེད་མཁན་གྱི་དམིགས་བསལ་ལས་དོན་ཚོིགས་ཆུང་ཞིག་བཙུགས་ཏེ། པེ་ཅིང་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱི་དྲུང་ཆེ་དང་བདེ་འཇགས་ལྷན་ཁང་གི་བློན་ཆེན་ཧྥུ་ཀྲིན་ཧྥ་ཡིས་འགན་གཙོ་བོ་ཁུར་ཡོད་པ་དང་། ཉེན་རྟོག་པའི་ཐེངས་དེའི་ལས་འགན་གཙོ་བོ་ཉེ་བའི་ཀྲིག་ཡུང་ཁང་གི་ཉེས་དོན་བརྟག་དཔྱད་བྱེད་རྒྱུ་དེ་ཡིན་པ་རེད་ཅེས་བཀོད་ཡོད་པ་དང་།
ཉིན་དེ་ག་རང་ལ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་དབྱིན་ཡིག་ཁྲུའུ་ཁྲིར་(Twitter) སྟེང་།  ཞི་ཅིན་ཕིང་གིས་བཀའ་བཏང་ཏེ་ཆེད་དུ་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲིག་ཡུང་ཁང་དང་འབྲེལ་བའི་དོགས་གཞིའི་ལྐོག་ཟ་རུལ་སུངས་བརྟག་དཔྱད་ཨུན་ཡོན་ལྷན་ཁང་བཙུགས་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་དང་། ཉིན་གཉིས་པར་གནས་ཚུལ་དེ་གསུབ་ཟིན་ཡོད་འདུག  མི་མང་པོ་ཞིག་གིས་དབུས་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ཡོང་ཁུངས་ནི། ཧོང་ཀོང་ལྷོ་རྒྱ་ནག་ཞོགས་ཚགས་སྟེང་ཉིན་དེར་སྤེལ་བའི་གནས་ཚུལ་དེ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་རྗེས། ཀྲིག་ཡུང་ཁང་ལ་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་རྒྱུན་ཆད་མེད། གཞུང་ཕྱོགས་ནས་ད་དུང་ར་སྤྲོད་བྱས་མེད་ཀྱང་། ཁོང་གི་བློས་ཐུབ་དང་ཕྱོགས་གཏོགས་ཀྱི་འཁོར་རྣམས་ཟླ་འགའི་ནང་ཟླ་གཅིག་རྗེས་གཉིས་མཐུད་དུ་གནས་དབྱུང་བཏང་ཡོད་པ་དང་། ཀྲིག་གིས་དེ་སྔོན་ལས་ཀ་བྱས་མྱོང་ས་སི་ཁྲོན་ཞིང་ཆེན་ནས་རྡོ་སྣུམ་མ་ལག། སྲིད་ཁྲིམས་མ་ལག་སོགས་ཀྱི་ཁོངས་སུ་ལི་ཁྲུན་ཁྲན། གའོ་ཡུང་ཞང་། ཅང་ཅེ་མན། ལི་ཧྥ་ལིན་དང་། ཀྲིག་ཚང་གི་སི་ཁྲོན་གྱི་ཁྱིམ་སྲུང་དུ་ངོས་འཛིན་བྱེད་བཞིན་པའི་ཚོང་པ་ཝུ་པན་ཕྱི་ཟླ་༨ པའི་ནང་འཇུ་བཟུང་བྱས་པ་སོགས། དེ་ལྟར་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཡོངས་གྲགས་ཀྱིས་དེ་དག་ཐམས་ཅད་ཀྱི་ཐད་ཀར་ཐུག་ས་གཏེ་བོ་དེ་ཀྲིག་ཡུང་ཁང་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད།
ཉེ་བའི་ཟླ་ཤས་རིང་གི་རྟགས་མཚན་ལས་མངོན་པ་ལྟར་ན། བརྟག་དཔྱད་དེ་ཀྲིག་ཚང་གི་ནང་མི་ལ་གཏུགས་ཟིན་པ་དང་། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་དབུས་སྒྲིག་བཤེར་ལྷན་ཁང་གི་དྲུང་ཆེ་ཝང་ཆི་ཧྲན་དང་འབྲེལ་ལམ་དམ་ཟབ་ཡོད་པར་བརྗོད་པའི། “དཔལ་འབྱོར་དྲ་བས”་ཕྱི་ཟླ་༩ པ་ནས་བཟུང་ཀྲིག་ཚང་གི་གཏམ་ངན་གཅིག་རྗེས་གཉིས་མཐུད་དུ་ཕྱིར་བསྒྲགས་ཡོད་པ་དང་། དྲ་བ་དེས་ཕྱི་ཟླ་༡༡ པའི་ཚེས་༢༢ ཉིན། མིང་བཏོན་ཏེ་ཀྲིག་པིན་(ཀྲིག་ཡུང་ཁང་གི་བུ་) ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པར་བརྗོད་ཡོད་པ་དང་། གནས་ཚུལ་དེའི་ནང་འཁོད་དོན། “ཀྲིག་པིན་དང་ཁོང་གི་ནང་མི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དངོས་མིང་སྦས་སྐུང་གི་བྱེད་ཐབས་སྤྱོད་དེ། ཁྲང་ཆིང་ཏུ་ཡོད་པའི་རྒྱ་ནག་གི་མཐོ་རིམ་གཏེར་ཁའི་ཐོན་ཁུངས་ཚན་པ་གཉིས་ནས་ཁེ་ཕན་འབོར་ཆེན་ལེན་ཡོད་པ་རེད་”ཅེས་དང་། གནས་ཚུལ་དེའི་ནང་། “རྒྱ་ནག་གི་མཚོ་གླིང་གཏེར་ཁའི་དཔོན་རིགས་མཱི་ཞའོ་ཏོང་ནི་ཀྲིག་པིན་གྱི་མཚོ་སྣུམ་དང་སྐམ་ས་རྡོ་སྣུམ་གྱི་ཚོང་ལས་ལྟ་རྟོག་བྱེད་མཁན་ཡིན་པ་དང་། ཀྲིག་པིན་ནི་རྒྱབ་ལོགས་ཀྱི་སྟངས་འཛིན་མཁན་ངོ་མ་དེ་ཡིན་པ་རེད་”ཅེས་བཀོད་ཡོད་འདུག
པེ་ཅིང་གི་གསར་འགོད་པ་རྒན་པ་གའོ་ཡོས་གྱིས་རེས་གཟའ་མིག་དམར་ཉིན་བརྗོད་པ་ལྟར་ན། པེ་ཅིང་ཕྱོགས་ལ་ཐད་ཀར་གྱི་དམིགས་འབེན་མེད་པར། ཕྱོགས་ཡོངས་ནས་འཐབ་ཇུས་འདོན་རྒྱུ་དེ་ཡིན་པ་དང་། མཐོ་རིམ་དབང་འཛིན་པའི་ནང་ནས་ཀྲིག་གི་ཕྱོགས་གཏོགས་མེད་པར་བཟོས་ཏེ། ཀྲིག་ལ་བརྟག་དཔྱད་ཧ་ལམ་མཇུག་བསྡུ་བའི་མཚམས་སུ་སླེབས་ཡོད། ཡིན་ནའང་ཐག་གཅོད་ཇི་ལྟར་བྱ་མིན་དེ། དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ད་དུང་དབང་ཆ་འཐབ་རྩོད་ཁྲོད་གོ་ཐོབ་འདྲ་མཉམ་ཡོང་རེ་དེ་རེད། “ཞི་ཅིན་ཕིང་གིས་དབང་ཆ་བཟུང་ནས་ལོ་གཅིག་ལས་ཕྱིན་མེད་པས། གྲ་སྒྲིག་བྱེད་པར་ད་དུང་དུས་ཚོད་ཅིག་འགོར་ངེས། འགོ་ཁྲིད་ཟུར་པ་རྒན་པ་ཅང་ཙེ་མིན་ནས་ཧུའུ་ཅིན་ཐའོ་རིང་གི་གལ་ཆེའི་གནས་ཚུལ་མང་པོ་ཞིག་ཀྲིག་ལ་རྒྱུས་མངའ་ཡོད་པ་མ་ཟད། ལྷག་པར་དུ་མཐོ་རིམ་དཔོན་རིགས་ཀྱི་འཐབ་རྩོད་དེ་ཧ་ཅང་མང་བ་དང་། ད་ལྟའི་འགོ་ཁྲིད་གསར་པ་རྣམས་ལ་མཚོན་ན། དང་པོ་དེ་སེམས་ཐག་བཅད་པ་དང་། གཉིས་པ་ཕྱོགས་ཡོངས་ནས་གྲ་སྒྲིག་འཐུས་ཚང་བྱེད་རྒྱུ་དེ་ཡིན་པས། ལས་སླ་པོས་ངང་མར་གཡུགས་བསམ་ན་གཡུགས་ཆོག་ཆོག་ཅིག་མ་རེད། རྒྱ་ནག་གི་མཐོ་རིམ་དབང་ཆའི་འཐབ་རྩོད་ཧ་ཅང་འགོ་རྙོག་པོ་རེད། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ནས་ཚང་འཛོམས་གྲོས་ཚོགས་གསུམ་པའི་བར་བལྟས་ཡོང་ན། ཞི་ཅིན་ཕིང་གིས་མངོན་གསལ་དོད་པོས་དབང་ཆ་གཅིག་བསྡུ་བྱས་ཡོད། ཁོང་གི་ནུས་ཤུགས་ད་དུང་འདེང་ངེས་ཤིག་མེད་པར་སྙམ་གྱི་ཡོད་ན་འཐབ་རྩོད་མཇུག་གཏན་ནས་བསྡུ་ཡི་མ་རེད། ཡིན་ནའང་ཁོང་གིས་ཐབས་ཤེས་སྤྱོད་དེ་དོ་མཉམ་གསར་པ་ཞིག་ལ་སླེབས་པ་བྱེད་རྒྱུ་དེ་རེད་ཅེས་བརྗོད།
ཧོང་ཀོང་(ཀུ་ཤུ་ཉིན་རེའི་ཚགས་པར་) སྟེང་རེས་གཟའ་མིག་དམར་ཉིན་ཁ་བྱང་ལ་<<རྒྱ་ནག་དམར་ཤོག་གིས་སྟག་རྒན་གསོད་པར་ཅིའི་ཕྱིར་འཛེམ་བག་བྱེད་པ་རེད་>> ཅེས་པའི་དཔྱད་བརྗོད་ཅིག་སྤེལ་ཡོད་པའི་ནང་། “གཞུང་འབྲེལ་གྱི་གཏམ་བརྗོད་ནང་དུ་ཅིའི་ཕྱིར་ཁོང་གི་སྐོར་ཡང་ནས་ཡང་དུ་སྦས་སྐུང་བྱས་པ་རེད། ཀྲིག་ཡུང་ཁང་གི་གནད་དོན་གྱི་ཁ་གཅོད་ཕྱེ་སྐབས་འཛེམ་བག་གི་རྣམ་འགྱུར་བསྟན་པ་རེད་དམ། གནད་དོན་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་ཕྱོགས་ལ་ཡོད་མ་རེད། དབུས་སྒྲིག་བཤེར་ལྷན་ཁང་གི་དྲུང་ཆེ་ཝང་ཆི་ཧྲན་གྱི་སྟག་རྒན་གསོད་པའི་སེམས་ཐག་ལ་རག་ལས་པ་རེད་པ་དང་། རྒྱ་ནག་དམར་ཤོག་གི་ཆབ་སྲིད་འཁོར་བསྐྱོད་ཀྱི་མ་ལག་ལ་ཐུག་ཡོད་པ་རེད། ལྐོག་ཟ་ལ་ངོ་རྒོལ་བྱེད་པའི་མ་ལག་ནང་ད་དུང་དབུས་ཆབ་སྲིད་སྡེ་ཚན་གྱི་ལེའུ་མེད་ཅེས་སོགས་བརྗོད་འདུག
ཧྲན་ཏོང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་སིན་ཝན་གའ་ལ་གཟའ་མིག་དམར་ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་བྱས་སྐབས། དབང་ཆ་འཐབ་རྩོད་རྒྱབ་ཏུ་ཅང་ཙེ་མིན་ཡོད་པར་བརྗོད་པ་དང་། ཁོང་གིས་“ རྩེད་མོ་དངོས་སུ་འགྲོ་བཞིན་པ་རེད། ཅང་ཕྱོགས་གཏོགས་ཀྱི་མིས་ཐབས་བརྒྱ་ཇུས་སྟོང་གིས་གནད་དོན་འདིའི་ཐོག་འགོག་སྲུང་བྱེད་བཞིན་ཡོད། གལ་ཏེ་ཀྲིག་ཡུང་ཁང་ཁྲིམས་ལ་སྦྱར་བ་ཡིན་ན། ཅང་ཙེ་མིན་གྱི་གནད་དོན་ཕྱིར་གྱར་ངེས་པ་དང་། འདི་ནི་འགྲན་བསྡུར་ཞིག་རེད། འགྲན་བསྡུར་དེའི་རྒྱབ་ལོགས་ཅང་ཙེ་མིན་དང་འབྲེལ་ནས་ཡོད་པ་རེད་ཅེས་བརྗོད་འདུག བང་ཆེན་དྲ་བ་ནས།།