རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཕྱི་ལོ་༢༠༡༣ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

གཅིག ཨ་རྒྱའི་འགོ་ཁྲིད་གཉིས་ཀྱིས་གཞིས་ཀར་མཇལ་འཕྲད་བྱས་ཏེ། རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་བཙུགས། ཕྱི་ཟླ་༦ པའི་ཚེས་༧ ནས་༨ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་ཀྱིས་ཁེ་ལེ་ཧྥོར་ནི་ཡ་མངའ་སྡེའི་ཨ་ནན་བྷིར་གྷིའི་གཞིས་ཀ་རུ་མཇལ་འཕྲད་བྱས་ཏེ། ཐུན་མོང་གིས་ཨ་རྒྱའི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་གསར་པ་འཛུགས་རྒྱུར་སྤྱི་མོས་བྱུང་པ་དང། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གསར་པའི་མཐོ་རིམ་འགོ་ཁྲིད་བར་གྱི་འབྲེལ་ལམ་གསར་པ་ཞིག་ཆགས།

གཉིས། བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟས་འཛམ་གླིང་གཡོ་འགུལ་བཟོས་ཏེ། ཕྱེད་གླིང་གི་གནས་སྟངས་ཡང་བསྐྱར་ཞི་འཇམ་དུ་སོང་།
ཕྱི་ཟླ་༢ པའི་ཚེས་༡༢ ཉིན། བྱང་ཀོ་རི་ཡའི་སྲིད་གཞུང་གིས་བྱང་ཕྱོགས་ཀྱི་ས་འོག་རྡུལ་ཕྲན་ཚོད་ལྟ་ར་བར་རྡུལ་ཕྲན་ཚོད་ལྟ་ཐེངས་གསུམ་པ་དེ་བྱེད་རྒྱུའི་ཁྱབ་བསྒྲགས་སྤེལ་བར་བརྟེན། རྒྱལ་སྤྱིིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱས་པ་དང། མཉམ་འབྲེལ་རྒྱལ་ཚོགས་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཡིག་ཆ་ཨང་༢༠༩༤ པ་ཞིག་བཞག་སྟེ། བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་བསྐྱར་དུ་མི་བྱ་བའི་རེ་འདུན་བཏོན་པ་མ་ཟད། རྡུལ་ཕྲན་ལས་འཆར་མེད་པ་བཟོ་དགོས་ཞེས་བརྗོད་ཀྱང་། བྱང་ཀོ་རི་ཡའི་སྲིད་གཞུང་གིས་དེའི་སྐོར་གྱི་ལན་འདེབས་ནང་<<བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་གྲོས་ཆོད>>དང་<<བྱང་ཀོ་རི་ཡའི་ཕྱེད་གླིང་དུ་རྡུལ་ཕྲན་མེད་པའི་ཐུན་མོང་གསལ་བསྒྲགས་>> རྩིས་མེད་ཡིན་པའི་གསལ་བསྒྲགས་སྤེལ།
གསུམ། སི་ནའོ་ཌན་གྱིས་ཨ་རིའི་གཞུང་གིས་ཁ་པར་ཐོག་བྱ་ར་བྱས་པའི་གསང་བ་ཕྱིར་བསྒྲགས་བྱས།
ཕྱི་ཟླ་༦ པའི་འགོ་སྟོད་དུ་གསང་བའི་ལས་ཁུངས་(CIA )ཀྱི་ཆོད་གན་ལས་བྱེད་སི་ནའོ་ཌན་གྱིས་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་ཐོག་ཨ་རིའི་སྲིད་གཞུང་གིས་རྒྱལ་ཁབ་དེའི་མི་སེར་གྱི་ཁ་པར་བྱ་རའི་ལས་འཆར་ཕྱིར་བསྒྲགས་པ་དང་། རྗེས་སུ་གནས་ཚུལ་མུ་མཐུད་དུ་ཇེ་ཆེར་སོང་སྟེ་ཕྱི་ཟླ་༡༠ པའི་ཚེས་༢༣ ཉིན། འཇར་མན་གྱིས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གྱི་སྲིད་འཛིན་མར་ཁལ་གྱི་བརྡ་འཕྲིན་ཁ་པར་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བྱ་ར་བྱེད་བཞིན་ཡོད་སྲིད་སྐོར་བརྗོད་པ་དང་། གནད་དོན་དེར་བརྟེན་ནས་ཡུ་རོབ་དང་ཨ་རིའི་བར་གྱི་འབྲེལ་ལམ་དང་ཡིད་ཆེས་ལ་ཉེན་ཁ་འཕྲད་དེ། ཕྱི་ལོ་༢༠༡༣ ལོའི་“སྟོན་ཁའི་ཡུ་རོབ་མནའ་འབྲེལ་ཚོགས་ཆེན”སྐབས་ཀྱི་གླེང་གཞི་ཆེ་ཤོས་སུ་གྱུར།
བཞི། གྲོས་ཚོགས་གོང་འོག་གཉིས་ཀྱི་ལངས་ཕྱོགས་འགལ་ཟླར་སོང་སྟེ། ཨ་རིའི་མནའ་འབྲེལ་སྲིད་གཞུང་སྒོ་བརྒྱབ།
ཕྱི་ཟླ་༡༠ པའི་ཚེས་༡ ནས་བཟུང། ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་ལོ་འཁོར་དཔལ་འབྱོར་སྔོན་རྩིས་ཐོག་འགལ་ཟླ་བྱུང་སྟེ། ཨ་རིའི་མནའ་འབྲེལ་སྲིད་གཞུང་གི་གཙོ་གནད་མ་ཡིན་པའི་ལས་ཁུངས་དང་སྡེ་ཚན་ཁག་སྒོ་རྒྱག་དགོས་བྱུང་པ་དང། དེ་ནི་ཨ་རིའི་མནའ་འབྲེལ་སྲིད་གཞུང་གིས་འདས་པའི་ལོ་༡༧ ནང་སྲིད་གཞུང་སྒོ་བརྒྱབ་པ་ཐོག་མ་ཆགས་ཏེ། ཨ་རིའི་གྲོས་ཚོགས་ནང་ཁུལ་དང་སྲིད་གཞུང་བར་གྱི་ལངས་ཕྱོགས་མི་མཐུན་པའི་འགལ་ཟླ་མངོན་གསལ་གྱུར།
ལྔ། ཨི་རན་གྱི་རྡུལ་ཕྲན་གནད་དོན་ཐད་གྲོས་བསྡུར་ཐེངས་མང་བྱས་ཏེ། རེ་བ་གསར་པ་ཞིག་མངོན་ཀྱང་བགྲོད་ལམ་སྔར་བཞིན་ཀྱ་ཀྱོག་ཆེ།
ཕྱི་ཟླ་༢ པའི་ཚེས་༢༦ ཉིན། ཨི་རན་རྡུལ་ཕྲན་གནད་དོན་ཐད་ཀྱི་རྒྱལ་ཁབ་དྲུག་དང་ཡུ་རོབ་མནའ་འབྲེལ། ཨི་རན་གྱི་གྲོས་མོལ་དེ་ཨལ་མ་ཨ་ཐ་(Alma-Ata) རུ་ཟླ་༨ ཀྱི་རྗེས་སུ་འཚོགས་པ་དང་། ཕྱི་ཟླ་༤ པའི་ནང་ཡང་བསྐྱར་གྲོལ་མོལ་ཐེངས་གཉིས་པ་བྱས་ཏེ། ཐེངས་གཉིས་ཀྱི་གྲོས་མོལ་ལ་སྤྱིའི་ཆ་ནས་གྲུབ་འབྲས་མངོན་གསལ་བྱུང་པ་དང་། ཕྱི་ཟླ་༦ པའི་ནང་ཨི་རན་རྡུལ་ཕྲན་གནད་དོན་གྲོལ་མོལ་གྱི་སྐུ་ཚབ་ཟུར་པ། གུ་ཡངས་ཕྱོགས་གཏོགས་ཀྱི་སྲིད་འཛིན་འོས་མི་རོ་ཧན་ནི་(Rohani) ཨི་རན་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་སྟེ། ཕྱི་ཟླ་༩ པའི་ཚེས་༢༨ ཉིན། ཨ་རི་དང་ཨི་རན་སྲིད་འཛིན་བར་ལོ་ངོ་༣༠ རིང་འབྲེལ་ལམ་ཆད་པའིི་རྗེས་ཀྱི་ཐེངས་དང་པོར་ཐད་ཀར་གྲོས་མོལ་བྱས་ཏེ། ཞི་བའི་ཐོག་ནས་ཨི་རན་རྡུལ་ཕྲན་གནད་དོན་ཐག་གཅོད་ལ་རེ་བ་གསར་པ་ཞིག་མངོན་པ་དང། ཕྱི་ཟླ་༡༡ པའི་འགོ་སྟོད་ཀྱི་ཐོག་མའི་རྗེ་ནི་ཝ་(Geneva) “6+1གྲོས་མོལ”ཐོག་གྲོས་ཆོད་བཞག་ཐུབ་མེད།
དྲུག ཨི་ཇིབ་ཀྱི་ངོ་རྒོལ་རྔམ་སྟོན་ཁྲག་དྲི་བྲོ་བའི་དོན་རྐྱེན་དུ་གྱུར་པ་དང་། ཨ་རབ་དཔྱིད་ཀ་གསར་བརྗེའི་ལང་ཚོ་ཉམས།
ཕྱི་ཟླ་༦ པའི་ཚེས་༣༠ ཉིན། ཁྲི་༢༠ ལ་ཉེ་བའི་ཨི་ཇིབ་མང་ཚོགས་ཀྱིས་རྒྱལ་ས་ཀེ་རོ་(Cairo) རུ་ཡོད་པའི་བཅིངས་བཀྲོལ་ཐང་ཆེན་དུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་སྟེ། མར་སི་(Mursi)ཡི་སྲིད་དབང་ལ་ངོ་རྒོལ་བྱས་པ་དང་། ཕྱི་ཟླ་༧ པའི་ཚེས་༣ ཉིན། ཨི་ཇིབ་དམག་ཕྱོགས་ནས་མང་ཚོགས་ཀྱི་དགོས་འདུན་ལྟར་སྲིད་འཛིན་མར་སི་གོ་གནས་ལས་ཕབ་པའི་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཁ་ཆེའི་སྤུན་ཚོགས་དང་ཚོགས་པ་དེའི་རྒྱབ་སྐྱོར་བ་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་ཐེངས་མང་བྱས་པ་དང་། ཕྱི་ཟླ་༨ པའི་ཚེས་༡༤ ཉིན། ཨི་ཇིབ་ཉེན་རྟོག་པས་ཁ་ཆེའི་སྤུན་ཚོགས་རྒྱབ་སྐྱོར་བའི་ངོ་རྒོལ་བྱས་སར་དྲག་གནོན་བྱས་ཏེ། ཁྱོན་མི་བརྒྱད་བརྒྱ་ལྷག་རྐྱེན་ལམ་དུ་བཏང་།
བདུན། ཚབས་ཆེའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁའི་འོག་སི་རི་ཡའི་གནས་སྟངས་ཛ་དྲག་ཏུ་གྱུར།
ཕྱི་ཟླ་༨ པའི་ཚེས་༢༡ ཉིན། སི་རི་ཡའི་སྲིད་གཞུང་གི་དམག་མིས་ཉིན་དེར་དུག་མཚོན་བེད་སྤྱོད་བྱས་ཏེ་མི་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་པ་དང་། སི་རི་ཡ་གཞུང་གིས་གནས་ཚུལ་དེ་ཁས་ལེན་མ་བྱས་ཀྱང་། ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བརྟག་དཔྱད་དང་ཞིབ་འཇུག་བརྒྱུད་བདེན་དཔང་བྱས་པ་དང་། ཕྱི་ཟླ་༩ པའི་ཚེས་༡༤ ཉིན།   ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐོག་གྲོས་ཆོད་ཅིག་བཞག་ཐུབ་པ་བྱུང་སྟེ། སི་རི་ཡའི་གནད་དོན་རེ་ཞིག་ཞི་འཇམ་དུ་སོང་།
བརྒྱད། སྐར་མའི་བར་ཁྱིམ་དུ་འགྲུལ་བཞུད་བྱས་ཏེ། མིའི་རིགས་ཀྱི་བར་སྣང་གི་སྟོང་ཆ་ལ་ལེའུ་གསར་པ་ཞིག་གི་སྒོ་ཕྱེས།
ཕྱི་ཟླ་༩ པའི་ཚེས་༡༢ ཉིན། ཨ་རིའི་མཁའ་དབྱིངས་རྟོག་ཞིབ་སྡེ་ཚན་(NASA) གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕྱི་ལོ་༡༩༧༧ ལོའི་ཟླ་༩ པའི་ཚེས་༥ ཉིན་བཏང་བའི་“འགྲུལ་པ་ཨང་༡”རྟགས་ཅན་གྱི་མི་མེད་མཁའ་དབྱིངས་རྟོག་ཞིབ་འཕྲུལ་ཆས་དེ་ཉི་མའི་ཁྱིམ་རྒྱུད་དུ་འཕུར་ཐུབ་པ་བྱུང་བ་དང་། ད་ལྟའི་ཆར་གྲང་ངར་ཆེ་བའི་སྐར་མའི་བར་དུ་བསྐྱོད་བཞིན་ཡོད་པ་རེད། དེ་ནི་ད་ལྟའི་བར་སའི་གོ་ལ་དང་རྒྱང་ཐག་ཆེས་རིང་བའི་མི་བཟོས་འཕུར་ཆས་དེ་ཡིན་པ་མ་ཟད། ཐེངས་དང་པོར་སྐར་མའི་བར་ཁྱིམ་དུ་བསྐྱོད་པའི་མི་བཟོས་དངོས་གཟུགས་ཐོག་མ་དེ་ཡང་ཡིན་པ་རེད།
དགུ རྒྱ་ནག་དང་ཉི་ཧོང་བར་གྱི་རྒྱ་མཚོའི་བདག་དབང་རྩོད་རྙོག་ཇེ་ཆེར་སོང་སྟེ། ས་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད།
ཕྱི་ཟླ་༡༡ པའི་ཚེས་༢༣ ཉིན། རྒྱ་ནག་གིས་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་སྐོར་ལ་ཞི་བདེ་རྒྱ་མཚོའི་བར་སྣང་དབྱེ་མཚམས་ཁུལ་གྱི་ས་ཁྲ་གསར་པ་ཞིག་བཟོས་ཏེ་ཁྱབ་བསྒྲགས་བྱས་པའི་ནང། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བར་སྣང་དབྱེ་མཚམས་ཁུལ་དུ་འཕུར་བསྐྱོད་བྱེད་པའི་མཁའ་གྲུ་ཡོངས་རྫོགས་ཀྱི་གནས་ཚུལ་ཡར་ཞུ་བྱེད་དགོས་པ་མ་ཟད། པེ་ཅིང་སྲིད་གཞུང་གི་བཀའ་ལ་ཉན་དགོས་པའི་ཉེན་བརྡ་བཏང་ཡོད་ཅིང་། གནས་ཚུལ་དེར་བརྟེན་ནས་རྒྱལ་སྤྱིའི་ནང་དུ་གླེང་སློང་ཤུགས་ཆེན་བྱུང་བ་དང་། ཕྱི་ཟླ་༡༢ པའི་ཚེས་༡༧ ཉིན། ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཐོག་<<རྒྱལ་སྲུང་ལས་འཆར་མ་ཟིན་ཆེན་མོ>>དང་<<བར་སྐབས་ཀྱི་རྒྱལ་སྲུང་ནུས་ཤུགས་གྲ་སྒྲིག་འཆཪ་གཞི>> སོགས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་རིམ་པ་ཁག་གསར་དུ་གཏན་ལ་ཕབ་པ་དང་། སྔར་ལས་ལྷག་པའི་རྒྱལ་སྤྱིའི་བདེ་འཇགས་ལས་དོན་ནང་འཛུལ་ཞུགས་བྱས་ཏེ། རྒྱ་ནག་གི་འཇིགས་སྐུལ་ལ་མཐའ་གཅིག་ཏུ་གདོང་ལེན་བྱས།
བཅུ། འཛམ་གླིང་གི་དཔལ་འབྱོར་ག་ལེར་བསྐྱར་དུ་སོས་ཏེ། འཛམ་གླིང་ཚོང་འབྲེལ་གྲོས་མོལ་ལ་ཡར་རྒྱས་བྱུང་།
འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་(WTO) ཀྱི་སྐབས་དགུ་པའི་བློན་ཆེན་རིམ་པའི་ཚོགས་ཆེན་གྱིས་ཕྱི་ཟླ་༡༢ པའི་ཚེས་༧ ཉིན་ཨིན་ཌོ་ནི་ཤི་ཡའི་བྷ་ལི་(Bali, Indonesia)  རུ་<<བྷ་ལི་བློན་ཆེན་བསྒྲགས་གཏམ་>>སྤེལ་ཏེ། “བྷ་ལི་ཡི་ཐུམ་སྒྲིལ་(Package)གྲོས་མཐུན་”བཞག་ཐུབ་པ་བྱུང་བ་དང་། དེ་ནི་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་བཙུགས་པ་ནས་བཟུང་སའི་གོ་ལ་རང་བཞིན་ཅན་གྱི་ཚོང་འབྲེལ་གྲོས་ཆོད་བཞག་པ་ཐོག་མ་དེ་ཆགས། ལོ་༡༢ རིང་རྒྱུན་མཐུད་པའི་“ཌོ་ཧ་ར་སྐོར་གྲོས་མོལ་”མདུན་བསྐྱོད་བྱ་ཐུབ་མེད་པ་དེ་ལའང་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་ཞིག་བྱུང།།
བོད་ཀྱི་བང་ཆེན་གསར་ཁང་ནས་སྤེལ།