རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༢༠༡༣ ལོར་བོད་ནང་རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱེད་མཁན་༢༧

1 ཚེ་རིང་བཀྲ་ཤིས། ༢༠༡༣ ལོའི་ཕྱི་ཟླ་༡ ཚེས་༡༢ ཉིན་བོད་མདོ་སྨད་བླ་བྲང་ཨ་མཆོག་ཡུལ་ཚོའི་ཐོག་ཏུ་ཚེ་རིང་བཀྲ་ཤིས་ཀྱིས་“ཀཱི་ཧོ་ཧོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་”ཞེས་སྐད་འབོད་བྱེད་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག ཁོང་གི་ཕ་མིང་ལ་གདུགས་དཀར་སྐྱབས་དང།
མ་མིང་ལ་ཚེ་རིང་སྒྲོལ་མ། བཟའ་ཟླའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་གྱི་ཡོད་འདུག་ལ། ཁོང་ད་ལྟ་རང་ལོ་༢༢ ཡིན་འདུག

2 གྲུབ་མཆོག ༢༠༡༣ ལོའི་ཕྱི་ཟླ་༡ ཚེས་༡༨ ཉིན་བོད་མདོ་སྨད་རྔ་པ་ཁུལ་ཁྱུང་མཆུ་རྫོང་། སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མ་ནས་ཡིན་པའི་གྲུབ་མཆོག་གིས་སྦྲ་ཆེན་ཡུལ་ཚོའི་ལག་རྩེད་སྤོ་ལོའི་རྩེད་ཐང་དུ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག
ཁོང་རང་ལོ་༢༨ ཡིན་པ་དང་། བཟའ་ཟླའི་མིང་ལ་རིག་པ་དང། ཁོང་གཉིས་ལ་བུ་ཕྲུག་གཉིས་ཡོད་འདུག གྲུབ་མཆོག་གི་ཨ་ཕས་བུ་འདི་བོད་མི་རིགས་ཀྱི་བདེན་དོན་དང་རང་དབང་གི་ཆེད་དུ་ཤི་བ་ཡིན་པས། ང་ཕ་ལ་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་གཏམ་བཤད་གནང་འདུག
3 གནམ་ལྷ་ཚེ་རིང་། ༢༠༡༣ ལོའི་ཕྱི་ཟླ་༡ ཚེས་༡༧ ཉིན་གྱི་ཕྱི་དྲོར་བླ་བྲང་བསང་ཆུ་རྫོང་ཐོག་ཏུ་བོད་མི་གནམ་ལྷ་ཚེ་རིང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག
དེ་ཡང་ཁོང་ནི་བླ་བྲང་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་རི་སྔོན་སྡེ་པ་ནས་ཡིན་པ་དང་། རང་ལོ་༤༩ ཡིན་ཞིང། ཕ་མིང་ལ་བསམ་འགྲུབ་དང་མ་མིང་ལ་བསོད་ཁོ། བཟའ་ཟླའི་མིང་ལ་མཚོ་ལོ་ཟེར་གྱི་ཡོད་པ་རེད།
4 དཀོན་མཆོག་སྐྱབས། ༢༠༡༣ ལོའི་ཕྱི་ཟླ་༡ ཚེས་༢༢ ཉིན་བོད་ཨ་མདོའི་བླ་བྲང་འབོ་ར་ནས་དཀོན་མཆོག་སྐྱབས༼དཀོན་བྷེ༽ཀྱིས་འབོ་ར་དགོན་པའི་ཉེ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག་པ་དང་། ཁོང་ད་ལྟ་རང་ལོ་༢༣ ཙམ་དང་། བཟའ་ཟླའི་མིང་ལ་རྡོ་རྗེ་མཚོ་ཟེར་གྱི་ཡོད་འདུག
5 འཇིགས་བྱེད་སྐྱབས། ༢༠༡༣ ལོའི་ཕྱི་ཟླ་༡ ཚེས་༡༩ ཉིན་འཇིགས་བྱེད་སྐྱབས་ཀྱིས་ཨ་མདོ་ཀླུ་ཆུ་ནས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་སྲེག་གྲ་སྒྲིག་བྱས་ཏེ་ཁ་ཆེམས་བཞག་རྗེས། དུག་འཐུངས་ཏེ་སྐུ་གྲོངས་ཡོད་འདུག ཁོང་གིས་གཟུགས་པོར་ས་སྣུམ་བླུགས་ཡོད་པ་མ་ཟད་ལག་ཏུ་མེ་ཆ་གཉིས་ཉར་ཡོད་འདུག་ལ། མེར་སྲེག་སྐབས་མགྱོགས་མྱུར་འདས་གྲོངས་འགྲོ་ཆེད་སྔོན་ལ་དུག་གང་རུང་ཞིག་འཐུང་ཡོད་པའི་དབང་གིས་མེ་སྦར་ཐུབ་མེད་པ་རེད།     འདས་པོ་འཇིགས་བྱེད་སྐྱབས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་བདེ་སྐྱིད་མཚོ་ཟེར་གྱི་ཡོད་འདུག
6 འབྲུག་པ་མཁར། ༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༡༣ བོད་ཀྱི་ལོ་གསར་ཚེས་པ་༣ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས། ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་༢༦ ཡིན་པའི་འབྲུག་པ་མཁར་གྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།
འབྲུག་པ་མཁར་གྱི་ཕ་མིང་ལ་རྟ་མགྲིན་ཚེ་རིང་དང་མ་མིང་ལ་རྟ་མགྲིན་མཚོ་ཟེར་གྱི་ཡོད་འདུག ད་ཆར་ཁོང་དང་བཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཡོད་འདུག
7 ཚེ་གཟུངས་སྐྱབས། ༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༢༥ མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ། བོད་མི་ཚེ་གཟུངས་སྐྱབས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཏེ་སྐུ་གྲོངས་འདུག ཚེ་གཟུངས་སྐྱབས་ནི་ཀླུ་ཆུའི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་པ་ནས་ཡིན་ཞིང་། རང་ལོ་༢༧ ཡིན་འདུག ཕ་མིང་ལ་ཚེ་རིང་དོན་གྲུབ་དང་། མ་མིང་ལ་རྟ་མགྲིན་མཚོ་ཟེར་གྱི་ཡོད་འདུག
8 བློ་བཟང་རྣམ་རྒྱལ། ༡༠༡༣ ལོའི་ཕྱི་ཟླ་༢ ཚེས་༣ ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་གྱིས་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར་གྱི་སྤྱི་བདེ་ཉེན་རྟོག་ཁང་དང་ཐག་ཉེ་ཙམ་ནས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་སྐད་འབོད་བྱས་རྗེས། འདས་གྲོངས་སུ་གྱུར་ཡོད་འདུག ཁོང་རྔ་པ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་སྐར་ཁོ་དང་། མ་སྐར་སྐྱིད་གཉིས་ཀྱི་བུ་ཡིན་ཞིང། རང་ལོ་༣༧ ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཡོད་པ་རེད།།
9 ཕག་མོ་དོན་གྲུབ། ༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༢༤ ཉིན་ཨ་མདོ་བྱ་ཁྱུང་དགོན་པའི་ནང་། བོད་མི་ཕག་མོ་དོན་གྲུབ་ཅེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་རྗེས། འདས་གྲོངས་སུ་སོང་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་མེད་པ་རེད། ཁོང་རང་ལོ་༢༡ ཡས་མས་ཡིན་པ་དང། བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་༽ཚྭ་ཕུག་ཡུལ་ཚོ་ས་དཀར་གོང་བ་སྡེ་པ་ནས་ཡིན་འདུག
10 གསང་བདག ༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༢༥ ཉིན་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་པ་ནས་ཡིན་པ་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་གིས། རྔ་པ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོའི་ལུས་ཀྱི་མེ་བསད་དེ་རྔ་པའི་སྨན་ཁང་དུ་ཁྱེར་སོང་བས། ཁོང་ཤི་གསོན་གྱི་གནས་ཚུལ་གསལ་ཁ་མེད་པ་རེད།
11 བློ་བཟང་ཐོགས་མེད། ༢༠༡༣ ལོའི་ཟླ་༣ ཚེས་༡༦ ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག གྲྭ་བློ་བཟང་ཐོགས་མེད་ནི་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་མཐའ་པ་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པ་ནས་ཡིན་པ་དང། རང་ལོ་༢༨ ཡིན་འདུག ཁོང་གི་ཕ་མིང་ལ་རོགས་ཕྲུག་དང། མ་མིང་ལ་དེ་པོ་ཟེར་གྱི་ཡོད་འདུག
12 དཀོན་མཆོག་དབང་མོ། ༢༠༡༣ ཕྱི་ཟླ་༣ ཚེས་༡༣ ཉིན་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་༣༠ ཡིན་པའི་བོད་རིགས་བུད་མེད་དཀོན་མཆོག་དབང་མོས་རང་ལུས་མེར་སྲེག་གིིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག
དཀོན་མཆོག་དབང་མོ་ནི་ཕ་ཡུལ་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་ཞིང་། ཁོང་མོར་ད་ཆར་ཤུལ་དུ་རང་ལོ་༨ ཙམ་གྱི་བུ་མོ་ཞིག་དང་རང་ལོ་༣༡ ཡིན་པའི་བཟའ་ཟླ་སྒྲོལ་མ་སྐྱབས་གཉིས་ཡོད་འདུག
13 ལྷ་མོ་སྐྱབས། ༢༠༡༣ ལོའི་ཕྱི་ཟླ་༣ ཚེས་༢༥ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཡུལ་ཚོའི་མདུན་དུ་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ནགས་འདབས་སུ། བོད་མི་རང་ལོ་༤༣ ལ་སོན་པ་ནགས་སྲུང་བ་ལྷ་མོ་སྐྱབས་ཀྱིས། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་རང་ལོ་༤༣ ཡིན་པ་དང། སྐྱེས་ཡུལ་ནི་མདོ་སྨད་བླ་བྲང་ཀླུ་ཤོད་ཡུལ་ཚོའི་མཁར་དམར་ཤུལ་སྡེ་པ་ནས་ཡིན་པ་རེད།
14) 15) ༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༡༩ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་། རྐྱང་ཚ་ཡུལ་ཚོའི་མགར་གདོང་སྡེ་པའི་རིན་ཆེན་དང། བསོད་ནམས་དར་རྒྱས་གཉིས་ཀྱིས་རྐྱང་ཚ་ཡུལ་ཚོའི་ཐོག་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད། རིན་ཆེན།  རིན་ཆེན་རང་ལོ་༡༧ ཡིན་པ་དང་། ཕ་མིང་ལ་དོན་འགྲུབ་ཚེ་རིང་དང། མ་མིང་ལ་ཨ་དོན(འདས་ཟིན)ཟེར་གྱི་ཡོད་འདུག  བསོད་ནམས། བསོད་ནམས་དར་རྒྱས་རང་ལོ་༡༨ དང་། ཕ་མིང་ལ་ཚེ་རིང་དོན་འགྲུབ། མ་མིང་ལ་བཀྲ་ཁོ་ཟེར་གྱི་ཡོད་འདུག
16 སྐལ་སྐྱིད། ༢༠༡༣ ལོའི་ཕྱི་ཟླ་༣ ཕྱི་ཚེས་༢༤ ཉིན་བོད་མདོ་སྨད་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་ནས་རང་ལོ་༣༠ ཡིན་པའི་སྐལ་སྐྱིད་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད། ཁོང་ནི་མདོ་སྨད་འཛམ་ཐང་བར་བ་ཡུལ་ཚོའི་པོས་བ་ཚང་ཞེས་པའི་ཁྱིམ་ཚང་ནས་ཡིན་ཞིང་། ཁོ་མོར་ཤུལ་དུ་བུ་ཕྲུག་བཞི་ཡོད་འདུག ཁོང་མོའི་ཁྱོ་གའི་མིང་ལ་གྲུས་པེ་ཟེར་གྱི་ཡོད་འདུག
17)དཀོན་མཆོག་བསྟན་འཛིན། ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་འདུག ཁོང་ནི་རང་ལོ་༢༨ ཡིན་པ་དང་། ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་པའི་ཕ་ལྷ་ཁོ་དང། མ་ལྷ་མོ་མཚོ་གཉིས་ཀྱི་བུ་ཡིན་འདུག །
18) ཕྱུག་མཚོ། ༢༠༡༣ ལོའི་ཕྱི་ཟླ་༤ ཚེས་༡༦ ཉིན་བོད་མདོ་སྨད་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་ནས་རང་ལོ་༢༠ ཡིན་པའི་བོད་རིགས་བུད་མེད་ཕྱུག་མཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད། ཁོང་ནི་མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་པ་དང། ཕའི་མིང་ལ་བསྟན་ཁོ་དང། མའི་མིང་ལ་སྒྲོན་སྐྱིད་ཟེར་ཞིང། ཁོང་མོ་གཉེན་སྒྲིག་བྱས་ཏེ་ལོ་ངོ་༣ ཅན་གྱི་བྱིས་པ་ཞིག་ཡོད་འདུག །
19) 20) བློ་བཟང་ཟླ་བ་དང་གྲྭ་དཀོན་མཆོག་འོད་ཟེར། ཕྱི་ཟླ་༤ ཚེས་༢༤ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང། སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ་དང། གྲྭ་དཀོན་མཆོག་འོད་ཟེར་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད། གྲྭ་བློ་བཟང་ཟླ་བ། རང་ལོ་༢༠ ཡིན་པ་ཁོང་དང། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་ཁོང་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག གྲྭ་བློ་བཟང་ཟླ་བ་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། ཕ་མིང་ལ་རྡོ་རྗེ་མཁའ་འགྲོ་ཟེར་གྱི་ཡོད་འདུག
21) བསྟན་འཛིན་ཤེས་རབ། ༢༠༡༣ ལོའི་ཕྱི་ཟླ་༥ ཚེས་༢༧ ཉིན་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།  ཆུ་དམར་ལེབ་རྫོང་ཁོངས་གཏོགས་ཨ་དྲེལ་སྡེ་པ་ནས་ཡིན་པའི་བསྟན་འཛིན་ཤེས་རབ་ཀྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ཁོང་གི་ཕ་མིང་ལ་དོན་འགྲུབ་དང་།  མ་མིང་ལ་ཆོས་མས་ཟེར་གྱི་ཡོད་འདུག །
22) དབང་ཆེན་སྒྲོལ་མ། ༢༠༡༣ ལོའི་ཕྱི་ཟླ་༦ ཚེས་༡༡ ཉིན་ཁམས་རྟའུ་རྫོང་ཐོག་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བཙུན་མ་དབང་ཆེན་སྒྲོལ་མ་ཚེས་༡༤ ཉིན་སྐུ་གྲོངས་ཡོད་པ་རེད། བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོངས་ཁོངས་སུ་ཡོད་པའི་མི་ཉག་འདྲ་པ་ས་ཁུལ་གྱི། བྲག་ཐོག་ཡུལ་ཚོ། བྲག་ཐོག་གྲོང་པ་ནས་ཡིན་པ་དང། ཁོང་མོའི་སྐྱ་མིང་ལ་ཚེ་རིང་སྒྲོལ་དཀར་དང་ཆོས་མིང་ལ་དབང་ཆེན་སྒྲོལ་མ་ཟེར་གྱི་ཡོད་པ་དང། རང་ལོ་23 ཡིན་པ་རེད་འདུག ཁོང་གི་ཕ་མིང་ལ་བསྟན་འཛིན་དང། མ་མིང་ལ་གཡུ་སྒྲོན་ཟེར་གྱི་ཡོད་འདུག །
23) དཀོན་མཆོག་བསོད་ནམས། ༢༠༡༣ ལོའི་ཕྱི་ཟླ་༧ ཚེས་༢༠ ཉིན་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང། ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དཀོན་མཆོག་བསོད་ནམས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཏེ་སྐུ་གྲོངས་ཡོད་པ་རེད། དགེ་འདུན་པ་ཁོང་ནི་ཐང་སྐོར་སོག་ཚང་སྡེ་པའི་ཕ་བསོད་ནམས་དཔལ་ལྡན་དང་མ་ལན་ཕྲུག་གཉིས་ཀྱི་བུ་ཡིན་འདུག །
24) ཞིས་ཆུང། ༢༠༡༣ ལོའི་ཕྱི་ཟླ་༩ ཚེས་༢༨ ཉིན་བོད་མདོ་སྨད་རྔ་པ་རྫོང་སྒོ་མང་ཡུལ་ཚོ་ནས་རང་ལོ་༤༡ ཡིན་པའི་ཞིས་ཆུང་གིས། རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད། ཞིས་ཆུང་ནི་ཕྱི་ལོ་༡༩༧༢ ལོར་སྐྱེས་པ་དང་། ཕ་མིང་ལ་བསོད་ནམས་བརྟེན་དང། མ་མིང་ལ་ཁོ་མ་ཟེར་གྱི་ཡོད་འདུག
25) ཚེ་རིང་རྒྱལ། ༢༠༡༣ ལོའི་ཕྱི་ཟླ་༡༡ ཚེས་༡༡ ཉིན་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་གྲྭ་པ་ཚེ་རིང་རྒྱལ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད། ཁོང་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པ་ནས་ཡིན་པ་དང། ད་ལོར་རང་ལོ་༢༡ ཡིན་འདུག ཕའི་མིང་ལ་ཤེར་ཕུན་དང། མའི་མིང་ལ་རིན་སྒྲོན་ཟེར་གྱི་ཡོད་འདུག
26) ༢༠༡༣ ལོའི་ཕྱི་ཟླ་༡༢ པའི་ཚེས་༣ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་རྨ་ཆུ་ཆུ་ཁ་མ་ནས་སྐྱེས་པའི་དཀོན་མཆོག་ཚེ་བརྟན་གྱིས་རྔ་བ་ཁུལ། རྔ་བ་རྫོང་དམེ་རུ་མའི་ཡུལ་ཚོའི་ཐོག་ཏུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། ཕྱི་ཉིན་སྐུ་གྲོངས་ཡོད་པ་རེད། ཁོང་རང་ལོ་༣༠ ཡིན་པ་དང། ཁོང་གི་ཕའི་མིང་ལ་བསམ་ཁོ་དང་མའི་མིང་ལ་འོ་དགའ།  བཟའ་ཟླའི་མིང་ལ་ནམ་སྣང་ཟེར་གྱི་ཡོད་འདུག
27 ཚུལ་ཁྲིམས་རྒྱ་མཚོ། ༢༠༡༣ ལོའི་ཕྱི་ཟླ་༡༢ ཚེས་༡༩ ཉིན་གུང་ཙམ་ལ་བོད་ཨ་མདོ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་། ཨ་མཆོག་གྲོང་བརྡལ་ནས་ཨ་མཆོག་དགོན་ཆེན་གྱི་གྲྭ་པ་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་ ཞིག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་འདུག ཁོང་གི་ཡབ་འདས་ཟིན། ཡུམ་གྱི་མཚན་ལ་ལྷ་མོ་སྐྱིད་ཟེར་གྱི་ཡོད་འདུག
༢༠༡༣ ལོར་བཙན་བྱོལ་ནང་རང་སྲེག་ལས་འགུལ། 
༢༠༡༣ ལོའི་ཕྱི་ཟླ་༨ པའི་ཚེས་༦ ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་། ཕ་ཡུལ་འདམ་གཞུང་ནས་ཡིན་པའི་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་དང་། ཁོང་གིས་རང་ལུས་མེར་སྲེག་བཏང་རྗེས་བལ་ཡུལ་ཉེན་རྟོག་པས་ཁོང་གི་ཕུང་པོ་བཙན་ཁྱེར་བྱས་ཏེ་འབྲེལ་ཡོད་ལ་རྩིས་སྤྲོད་བྱས་མེད་པ་རེད།
དགེ་འདུན་པ་ཁོང་ནི་རང་ལོ་༣༩ ཡིན་ཞིང་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡ ཚེས་༣༠ ཉིན་བལ་ཡུལ་དུ་འབྱོར།
༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༡༣ ཉིན་གསེར་རྟ་བ་སྒྲུབ་ཆེན་ཚེ་རིང་གིས་(སྒྲུབ་ཚེ་)བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་པ་དང་། ཕུང་པོ་བལ་ཡུལ་གཞུང་གིས་རྩིས་སྤྲད་མེད་པ་རེད། སྒྲུབ་ཚེ་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་ནས་ཡིན་པ་རེད།།
བོད་ཀྱི་བང་ཆེན་གསར་ཁང་ནས་སྤེལ།