རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གོང་བུ་གཅིག་འགྱུར་གྱི་ནུས་པ་དེ་རང་གཞན་ཚང་མར་དགོས།

sakyakongma_1014ཕྱི་ཟླ་༣ ཚེས་༢༣ ཉིན། དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྡེ་ར་ལྡུན་སྤུ་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭར་མི་མང་སྟོང་ཚོ་ཁ་ཤས་ལ་གྲུབ་ཐང་ལུགས་ཀྱི་ཚེ་དབང་དང་ཆོས་འབྲེལ་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོ་དགེ་འདུན་པ་དང་མི་མང་སོགས་ཀྱིས་ཕེབས་བསུ་སེར་སྦྲེངས་ཟབ་རྒྱས་ཀྱི་ངང་ནས་དཔལ་ས་སྐྱའི་མ་དགོན་བཤད་གྲྭར་ཞབས་སུ་བདེ་བར་འཁོད་པ་དང་། ཉིན་དེའི་སྔ་དྲོ་ དགེ་བའི་བཤེེས་གཉེན་དམ་པ་མཁན་རིན་པོ་ཆེ་
རིན་ཆེན་མཆོག་གི་དྲན་རྟེན་དཔེ་མཛོད་གསར་རྒྱག་གནང་ཡུལ་ས་ཆར་ས་ཆོག་རབ་གནས་སོགས་མཛད་ཡོད་པ་རེད།
ཉིན་རྒྱབ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་མཆོག་དགུང་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ལྔ་བརྒྱ་དང་ཉེར་ལྔའི་འདས་མཆོད་ཀྱི་ཚོགས་མགོན་དུ་ཆེད་ཕེབས་གནང་ནས། སློབ་གཉེར་བ་དགེ་འདུན་པ་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་དང་རྣམ་ཐར་བཤད་པ་སོགས་ཀྱི་མཆོད་སྤྲིན་འབུལ་གནང་གྲུབ་མཚམས། ༧གོང་མ་བདག་ཁྲི་རིན་པོ་ཆེས། ཁྱེད་རང་ཚོ་ས་ཐག་རིང་པོ་ཞིག་ནས་འདིར་འབྱོར་བ་ཡིན་པས། སློབ་སྦྱོང་ཡག་པོ་གནང་དགོས་སྐོར་དང་། གཙོ་བོ་རང་རང་གི་མཁས་བླངས་པའི་དམ་ཚིག་དང་སྡོམ་པར་སྲུང་བསྡོམ་ཚུལ་བཞིན་དུ་བྱ་རྒྱུ་དེ་དཔེ་མི་སྲིད་གལ་ཆེན་ཡིན་སྐོར་གྱི་བླང་དོར་བཀའ་སློབ་ལམ་སྟོན་གནང་མཐར་ཚོགས་ཡོངས་ནས་འགྲོ་བདེ་མ་སོགས་འུར་འདོན་བྱས་ནས་ཉིན་དེའི་མཛད་རིམ་གྲུབ་ཡོད་པ་རེད།
sakyakongma1_1014ཚེས་༢༣ ཉིན་གྱི་སྔ་དྲོ་མཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་མཁན་པོ་རྣམ་པ་དང་། གཞན་ཡང་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བ་བཅས་མི་མང་སྟོང་ཚོ་ཁ་ཤས་ལ་འཆི་མེད་ཚེ་དབང་ཟབ་མོ་བཀའ་དབང་བསྩལ་ཡོད་པ་དང་། བཀའ་དབང་དངོས་གཞི་མ་གནང་གོང་བཀའ་སློབ་གནང་སྐབས། སྤྱིར་བཏང་ཆོས་འབྲེལ་ཞུ་བར་ལུག་སྲོལ་རྒྱུན་བསྐྱངས་པ་ལྟ་བུ་མ་ཡིན་པར། ཆོས་བྱེད་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱེད་རྒྱུ་ཡོད་ནའང་། གཙོ་བོ་ཡིད་ཀྱི་ཀུན་སློང་ཡག་པོ་ཞིག་གི་སྒོ་ནས་བྱ་རྒྱུ་དེ་གལ་ཆེ་ཡིན་སྐོར་དང་། ཆོས་བྱེད་པ་དེ་གལ་ཆེན་པོ་ཞེ་དྲག་རེད། མིས་མཚོན་པའི་སེམས་ཅན་མཐའ་ཡས་པ་ཚང་མའི་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། ང་རང་ཚོའི་ཆོས་བྱེད་པ་དེ་བདེ་སྐྱིད་ཐོབ་པའི་ཆེད་དུ་ཡིན་པས། དངོས་ཉིད་བདེ་སྐྱིད་དེ་ཐོབ་དགོས་ན་ཆོས་བྱས་ནས་ཡོང་དགོས་ཀྱི་རེད་ཅེས་སོགས་ནང་ཆོས་སྤྱིའི་འགྲོས་དང་སྐྱབས་འགྲོའི་རྣམ་གཞག་སོགས་ཞིབ་ཕྲ་བཀའ་གནང་སོང་།
ཚེ་དབང་དངོས་གཞི་གྲུབ་རྗེས་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གནང་དོན། ཚང་མས་རང་དོན་རང་གཅེས་བྱེད་ནས་སྡིག་པ་མི་དགེ་བའི་ལས་ཆུང་ཆུང་ཡིན་ནའང་སྤང་དགོས་རེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླང་པའི་ལས་ཡིན་ཕྱིན་མི་དགེ་བ་རེད། དེ་ལ་བརྟེན་ནས་ང་ཚོར་མི་འདོད་པའི་ཚེ་ཐུང་བ་དང་ནད་མང་བ་ལོངས་སྤྱོད་དབུལ་བ་བསམ་པའི་རེ་བ་མ་འགྲུབ་པ་ལ་སོགས་པའི་མི་འདོད་པ་ཐམས་ཅད་རང་རང་སོ་སོའི་རྒྱུ་མི་དགེ་བ་བྱེད་པར་རྟེན་ནས་བྱུང་བ་རེད། དེ་འདྲ་ཡིན་པས་མི་དགེ་བའི་ལས་ཆུང་ཆུང་ཡིན་ནའང་འབད་རྩོལ་ཆེན་པོ་བྱས་ནས་སྤང་དགོས་རེད། དེ་ནས་དགེ་བའི་ལས་ཉོན་མོངས་དུག་གསུམ་གྱི་ཀུན་ནས་བསླང་པའི་མ་ཡིན་པར་ཕན་པའི་བསམ་པ་ཀུན་ནས་བསླང་པའི་ལས་དེར་དགེ་བའི་ལས་རེད། དགེ་བའི་ལས་ལ་བརྟེན་ནས་འབྲས་བུ་ང་རང་ཚོའི་དོན་དུ་གཉེར་བྱ་ཚེ་རིང་བ་དང་ནད་མེད་པ་བསམ་པའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་ལེགས་པའི་བྱ་བ་ཐམས་ཅད་དགེ་བའི་ལས་ལ་རྟེན་ནས་འབྱུང་གི་ཡོད་རེད། དུས་དང་རྣམ་པ་ཀུན་ཏུ་དགེ་སྒྲུབ་སྡིག་སྤོང་བྱེད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡིན་ན་རྒྱས་ཐུབ་ཀྱི་ཡོད་རེད། ཕྱིའི་ཁྲ་ཁྲ་ཟང་ཟིང་གི་སངས་རྒྱས་ཀྱི་བསྟན་པ་རྒྱས་ཀྱི་མ་རེད་ཅེས་གསུངས་སོང་།
ཁོང་གིས་འཕྲོད་བསྟེན་སྐོར་གསུང་དོན། ང་རང་ཚོ་ཆོས་འཇིག་རྟེན་གྱི་བྱ་བ་ག་རེ་བྱས་པ་ཡིན་ན། ཚེ་རིང་པོ་དང་གཟུགས་པོ་བདེ་པོ་དགོས་པ་དེ་གལ་ཆེན་རེད། དེ་འདྲ་ཡིན་པས་སྨན་བཅོས་བྱེད་པ་ལས་ནད་པ་མ་ཆགས་གོང་ནས་སྔོན་འགོག་གི་རྟགས་དཔྱད་བྱས་པ་ཡིན་ན། ཚང་མ་སྔོན་ནས་གནང་དགོས་པ་དང་། ལྷག་པར་དུ་ལོ་གཞོན་པ་ཚོས་ཆང་རག་ཚོད་མེད་འཐུང་བ་དང་ཐ་མག་ནག་པོ་འཐེན་པ་སོགས་ཡོང་སྲིད་པ་རེད། དེ་ཚོ་སྐྱོན་ཆེན་པོ་ཞེ་དྲག་རེད། རང་ཤི་རྒྱག་པ་དང་གཅིག་པ་རེད། སེམས་ཅན་ཚང་མའི་ལུས་རྩ་ཆེན་པོ་རེད། དེའི་ནང་ནས་མིའི་ལུས་དེ་རྩ་ཆེན་པོ་རེད། དེ་འདྲ་རྩ་ཆེན་དེ་དོན་མེད་ཕྱིན་པ་ཡིན་ན་དཔེ་མ་སྲིད་ཕངས་པོ་རེད། ཚེ་རིང་པོ་དང་གཟུགས་པོ་བདེ་པོ་དགོས་ཀྱི་ཡོད་ན་སྤྱོད་པ་ངན་པ་རིགས་དེ་རྩ་བ་ནས་བྱེད་ཀྱི་ཡོད་མ་རེད། དེ་ངེས་པར་དུ་སྤང་དགོས་ཀྱི་ཡོད་རེད་ཅེས་གསུངས་སོང་།
ཁོང་གིས་ཡུལ་མིར་མཐུན་ལམ་སྐོར་གསུང་དོན། རྒྱ་གར་འཕགས་པའི་ཡུལ་འདི་དབུས་གཞུང་དང་ས་གནས་གཞུང་མི་མང་བཅས་ཚང་མ་བཀའ་དྲིན་ཆེན་པོ་རེད། སྔོན་བྱུང་བའི་འདས་པའི་དུས་སུ་ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་སོགས་ཚང་མ་རྒྱ་གར་ནས་བྱུང་བ་རེད། འདས་པའི་དུས་སུ་ཡིན་ནའང་རྒྱ་གར་ང་ཚོར་བཀའ་དྲིན་ཆེན་པོ་རེད། བར་དུ་རྒྱ་གར་དང་བོད་ཀྱི་འབྲེལ་བ་ཡིན་ནའང་བཟང་པོའི་འབྲེལ་བའི་མཐར་ཕུད་པ་ཞེག་རེད། ད་ལྟའི་དུས་སུ་ཡིན་ནའང་ང་རང་ཚོ་མང་པོ་ཞིག་རྒྱ་གར་ནང་འཚར་ལོངས་འབྱུང་གི་ཡོད་པ་མ་ཟད་ང་རང་ཚོའི་ཆོས་དང་རིག་གཞུང་ཚང་མ་སྲུང་སྐྱོབ་གནང་ས་ཞེག་རེད། རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དུས་རྟག་ཏུ་དྲན་པའི་ཐོག་ནས་ཁྱིམ་མཚེས་ཡུལ་མིར་མཐུན་པོ་བྱེད་དགོས་པ་དེ་དཔེ་གལ་ཆེན་པོ་ཆགས་ཡོད། རྒྱ་གར་མི་མང་དུང་ཕྱུར་མང་པོ་ནང་ང་རང་ཚོ་ཉུང་ཉུང་བསྡད་ཡོད་པས། མི་རེ་ཟུང་གིས་སྤྱོད་པ་ཁྱད་མཚར་བསྟན་ནས་ཉེན་ཁ་ཡོང་ཉེན་ཡོད་པས། ཁྱིམ་མཚེས་རྒྱ་གར་ལུང་པ་དེ་བློ་ཕམ་ཡོང་བ་དེ་འདྲ་བྱེད་མི་ཉན།ཞེས་གསུངས་སོང་།
ནང་ཁུལ་མཐུན་ལམ་སྐོར་བཀའ་སློབ་གནང་དོན། ང་ཚོ་ཚང་མ་མཐུན་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟའི་ཆར་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆོས་ལུགས་ཁག་ཡིན་ནའང་ཐུགས་མཐུན་དམ་གཙང་སྔོན་བྱུང་མ་མྱོང་བ་དེ་འདྲ་བྱུང་བསྡད་ཡོད་རེད། གོང་བུ་གཅིག་འགྱུར་གྱི་ནུས་པ་དེ་ང་རང་ཚོའི་རང་བཞིན་ཚང་མར་གལ་ཆེན་པོ་རེད་བསྡད་ཡོད་རེད།དེར་བརྟེན་དུས་སྐབས་གཉན་འཕྲང་ཅན་སྐབས་འདིར་ཚང་མ་མཐུན་པོ་བྱེད་དགོས་ཡ་དེ་གལ་ཆེ་རེད་འདུག་ཅེས་གསུངས་སོང་།
སློབ་སྦྱོང་གི་སྐོར་བཀའ་སློབ་བསྩལ་དོན། འཛམ་གླིང་ནང་མཉམ་དུ་འགྲོ་དགོས་པས། སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་དུ་ང་རང་ཚོ་བོད་པ་ཡིན་པས། བོད་པའི་སྐད་དང་ཡི་གེ་རིག་གཞུང་སོགས་བོད་པའི་རྨང་གཞི་དེ་ཡིིན་པས། དེར་སློབ་སྦྱོང་བྱ་རྒྱུ་དང་དེ་ཡང་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་ཐོག་ནས་གནང་དགོས་པ་རེད་ཅེས་སོགས་གསུངས་སོང་།
མཐར་ཁོང་གིས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་ཟབ་པ་དང་རྒྱ་ཆེ་བཀའ་སློབ་མང་པོ་གནང་གི་ཡོད་རེད།དེང་སང་གསར་ཤོག་དང་རླུང་འཕྲིན་སོགས་བརྒྱུད་ལམ་མང་པོ་ནས་ལྟ་ཀློག་ཐུབ་ཀྱི་ཡོད་པས། བཀའ་སློབ་ཀྱི་ནང་དོན་རྣམས་མ་ཤེས་པ་ཤེས་པ་གྱིས། ཤེས་པ་རང་རྒྱུད་ལ་འཇགས་ནས་ཉིན་རེ་ཉིན་རེ་རང་གི་འཚོ་བའི་ནང་རྒྱལ་བ་རིན་པོ་ཆེའི་བཀའ་ནང་བཞིན་བྱེད་ཐུབ་པ་བྱུང་བ་ཡིན་ན་བླ་མའི་བཀའ་བསྒྲུབ་པ་ལས་ལྷག་པའི་ཆོས་བྱེད་རྒྱུ་ཡོད་མ་རེད། དེ་དོན་ཚང་མས་ཐུགས་ལ་འཇགས་རོགས་གནོངས་ཞེས་སོགས་གསུངས་སོང་།
ཚེ་དབང་གྲུབ་རྗེས་ཉིན་རྒྱབ་ཕྱིར་བཞུགས་གནས་ར་ཛ་སྤུར་ཆིབས་ཞལ་བསྒྱུར་བ་དང་། མི་རིང་བར་བྱང་ཨ་རི་དང་ཡུ་རོབ་སོགས་ལ་ཡང་ཆོས་འབྲེལ་གྱི་མཛད་རིམ་ཁག་ཅིག་སྐྱོང་འཆར་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བ་ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས། བང་ཆེན་དྲ་བ་ནས།