རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་རིཊ་སློབ་མ་ ༣ བསད།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་བོད་རིགས་སློབ་མ་ ༤ ལ་རླངས་འཁོར་གྱིས་བརྡུངས་ཏེ་སློབ་མ་ ༣ བསད་ཡོད་སྟབས། འདས་པོའི་ཁྱིམ་མི་སོགས་ཀྱིས་སྲིད་གཞུང་གིས་དྲང་བདེན་སྐྱོང་དགོས་པའི་ཞུ་སྐུལ་བྱེད་བཞིན་འདུག               འདི་གར་དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་གནས་ཚུལ་
མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱལ་མོ་ཚ་བ་རོང་ནས་ཡིན་པའི་བོད་རིགས་སློབ་མ་ ༤ ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་གཞུང་ཞབས་པར་རྒྱུགས་སྤྲོད་དུ་ཕྱིན་ཏེ། ལྕགས་ཟམ་རྫོང་གི་ཟ་ཁང་ཅན་གྱི་མགྲོན་ཁང་ཞིག་ཏུ་བསྡད་ནས་ཟ་མ་ཟོས་པ་དང་། དང་ཐོག་ནས་ཟས་རིན་ཐད་སྐད་ཆ་གསལ་བོ་བཤད་ཡོད་ཀྱང་རྗེས་སུ་སྒོར་མོ་སྤྲོད་སྐབས། ཟས་རིན་ལྡབ་ལོག་གིས་ཆེན་པོ་སྤྲོད་དགོས་ཚུལ་བཤད་ཡོད་སྟབས། སློབ་མ་དེ་དག་གིས་ཁྱེད་ཚོས་ཟས་རིན་ཙམ་གྱི་ཐོག་ནས་མ་དྲང་པ་དེ་འདྲ་བྱེད་ན། ང་ཚོ་ཁྱེད་ཚང་གི་མགྲོན་ཁང་ནང་སྡོད་ཀྱི་མིན། ཞེས་བཤད་དེ་ཕྱིར་ལོག་ཡོང་སྐབས། མགྲོན་ཁང་གི་བདག་པོའི་བུ་ཡིས་རླངས་འཁོར་ཞིག་བཏང་ནས་རྗེས་འདེད་བྱས་ཏེ། རླངས་འཁོར་གྱིས་བརྡུངས་ནས་སློབ་མ་ ༣ བསད་པ་དང་གཅིག་ལ་རྨས་སྐྱོན་བཟོས་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་རྨས་སྐྱོན་ཕོག་པའི་སློབ་མ་དེའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྐབས་དེར་རླངས་འཁོར་གཏོང་མཁན་དེས་སློབ་མ་ཚང་མ་གསོད་རྩིས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་དང་། མགྲོན་ཁང་གི་བདག་པོ་དེ་ནག་ཚོགས་ཀྱི་རྒྱུ་སྟོབས་དང་དབང་ཤུགས་ཡོད་པའི་མི་ཚང་ཞིག་ཡིན་སྟབས། དོན་རྐྱེན་བྱུང་རྗེས་ཉེན་རྟོག་པ་ཡུལ་དངོས་སུ་བསླེབས་ནས་ཞིབ་བཤེར་བྱས་ཡོད་ཀྱང་། ཉེན་རྟོག་པ་དང་མགྲོན་ཁང་གི་བདག་པོ་གཉིས་ཁ་མཐུན་བྱས་ཏེ། རྨས་སྐྱོན་ཕོག་པའི་སློབ་མ་དེས་བཤད་པའི་སྐད་ཆ་དང་རྩ་བ་ནས་མ་མཚུངས་པར་བརྟེན། དེ་རིང་ཕྱི་ཚེས་ ༢༩ ཉིན་འདས་པོའི་ཁྱིམ་མི་དང་སློབ་གྲོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་སྒོ་ཁར་འདུ་འཛོམས་ཀྱིས་ལག་ཏུ་འདས་པོ་ཚོའི་འདྲ་པར་བཟུང་སྟེ། སྲིད་གཞུང་གིས་གནོད་སྐྱོན་ཐེབས་མཁན་ལ་དྲང་བདེན་ཞིག་སྐྱོང་བའི་ཡིད་ཆེས་ཡོད་ཅེས་པའི་རྒྱ་ཡིག་གི་འབོད་ཚིག་བཟུང་སྟེ་རེ་སྐུལ་བྱེད་བཞིན་ཡོད་པ་མ་ཟད། པུས་མོ་ས་ལ་བཙུགས་ཏེ་ལག་གཉིས་ཐལ་མོ་སྦྱར་ནས་ངུ་འབོད་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར། དོན་རྐྱེན་དེའི་ཐད་ལྕགས་ཟམ་རྫོང་ཉེན་རྟོག་ཁང་གིས་ཚོགས་འདུ་ཞིག་བསྡུས་པའི་ཐོག ས་གནས་ཉེན་རྟོག་པའི་ཞིབ་བཤེར་སྙན་ཐོ་དང་ཡུལ་དངོས་ཀྱི་གནས་ཚུལ་བར་མི་འདྲ་ས་མང་པོ་བྱུང་ཡོད་འདུག འདས་པོའི་ཁྱིམ་མིས་དོན་རྐྱེན་བྱུང་སྐབས་ཁ་ལོ་བ་དང་མཉམ་དུ་མི་གཞན་ཡོད་མེད་འདྲི་སྐབས། ཉེན་རྟོག་པས་མི་གཞན་མེད་ལུགས་བརྗོད་ཡོད་ཀྱང་། རྨས་སྐྱོན་ཕོག་པའི་སློབ་མ་དེས་དོན་རྐྱེན་བྱུང་སྐབས་ཁ་ལོ་བ་མཉམ་དུ་མི་གཞན་ཡོད་ལུགས་བརྗོད་ཡོད་པ་དང་། ཡང་དོན་རྐྱེན་བྱུང་མ་ཐག་ཁྱིམ་མིར་མོས་མཐུན་ཡོད་མེད་མ་དྲིས་པར་ཕུང་པོ་རྣམས་མེར་བསྲེག་གཏོང་སར་ཅིའི་ཕྱིར་ཁྱེར་བ་ཡིན་དྲིས་པར། ཉེན་རྟོག་པས་འགྲིམ་འགྲུལ་ལ་ཤུགས་རྐྱེན་མི་བཟོ་བའི་ཆེད་དུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། དོན་རྐྱེན་བྱུང་སྐབས་བུ་མོ་བཞི་ཁ་ཕྱོགས་གང་དུ་འགྲོ་བཞིན་ཡོད་མེད་སོགས་ཀྱི་ཐད་ལའང་མ་མཐུན་པ་མང་པོ་བྱུང་ཡོད་འདུག 
 གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།།