རྒྱ་
ཟླ་ འདིའི་ ཚེས་ ༡༧ ནས་ ༡༩ ཉིན་ བར་ རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་གར་ ནང་ གཟིགས་ སྐོར་ གནང་ རྒྱུ་ ཡིན་ པ་ དང་ ། འདི་ ནི་ ཞི་ ཅིན་ ཕིན་ རྒྱ་ ནག་ གི་ སྲིད་
ད་ རེབ་ རྒྱ་ དཀར་ ནག་ གཉིས་ ཀྱི་ མགོ་ ཁྲིད་ ཐུག་ འཕྲད་ དང་ བསྟུན་ ཏེ། རྒྱ་ གཞུང་ གིས་ ཨ་ སྒོར་ ཐེར་ འབུམ་ ༧ གྱིས་ འགྲོ་ གྲོན་ བཏང་ ནས་ རྒྱ་ གར་ གྲོང་ ཁྱེར་ པུ་ ནེ་ དང་ གྷན་ དྷི་ ནཱ་ གྷར། ཏ་ མིལ་ ནཱ་ ཌོ་ བཅས་ ནང་ རྒྱ་ ནག་ གི་ བཟོ་ སྐྲུན་ ཁེ་ ལས་ (Industrial park)གསར་ འཛུགས་ དང་ ། རྒྱ་ ནག་ གིས་ ཨ་ སྒོར་ ཐེར་ འབུམ་ ༥༠ ཡི་ མ་ འཇོག་ བྱས་ ཏེ་ རྒྱ་ གར་ ནང་ མྱུར་ ཚད་ ལྡན་ པའི་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན། གཞུང་ ལམ་ རྒྱ་ སྐྱེད་ དང་ གྲུ་ ལམ་ (Port) གསར་ བཟོ། གློག་ ཤུགས་ རྒྱུད་ གཏོང་ བཅས་ ཀྱི་ ཐོག་ མཉམ་ ལས་ བྱ་ རྒྱུ་ ཡིན་ པ་ མ་ ཟད། རྒྱ་ ནག་ གིས་ རྒྱ་ གར་ ནང་ རླངས་ འཁོར་ བཟོ་ སྐྲུན་ ཁེ་ ལས་ དང་ ཟས་ རིགས་ ཀྱི་ ཁེ་ ལས་ གསར་ འཛུགས་ བཅས་ ལོ་ ལྔའི་ ནང་ རྒྱ་ ནག་ གིས་ རྒྱ་ གར་ ནང་ ཨ་ སྒོར་ ཐེར་ འབུམ་ ༡༠༠ ཡི་ མ་ འཛུགས་ མཉམ་ ལས་ བྱ་ རྒྱུ་ ཡིན་ སྐོར་ བསྒྲགས་ འདུག དེ་ ནི་ ཟླ་ འདིའི་ ཚེས་ ༣ ཉིན་ རྒྱ་ གར་ གྱི་ སྲིད་ བློན་ ནཱ་ རེན་ ཌ་ མུ་ དྷེ་ ཉི་ ཧོང་ ནང་ སྐོར་ སྐྱོད་ ཀྱིས་ ཉི་ ཧོང་ གཞུང་ གིས་ རྒྱ་ གར་ ནང་ ལོ་ ལྔའི་ ནང་ ཚུད་ དུ་ ཨ་ སྒོར་ ཐེར་ འབུམ་ ༣༥ ཡི་ མ་ འཛུགས་ བྱ་ རྒྱུའི་ ལས་ འཆར་ ཡོད་ པ་ དག་ ལས་ ལྡབ་ གསུམ་ གྱིས་ མང་ བ་ ཆགས་ ཡོད་ འདུག
ཟླ་ འདིའི་ ཚེས་ ༡༢ ཉིན་ རྒྱ་ གར་ གྲོང་ ཁྱེར་ མོམ་ བྷེ་ ནང་ ཡོད་ པའི་ རྒྱ་ ནག་ གི་ ཚོང་ དོན་ སྐུ་ ཚབ་ ལེའུ་ ཡུ་ ཧྥ་ (Liu Youfa) ཡིས་ རྒྱ་ གར་ དུས་ བབ་ གསར་ ཁང་ ལ། "ད་ རེབ་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ ནང་ སྐོར་ སྐྱོད་ གནང་ སྐབས་ ཏེ། ལོ་ ལྔའི་ ནང་ རྒྱ་ ནག་ གཞུང་ གིས་ རྒྱ་ གར་ ནང་ ཉི་ ཧོང་ གིས་ མ་ འཇོག་ བྱ་ འཆར་ ཡོད་ པ་ ལས་ ལྡབ་ གསུམ་ ཙམ་ གྱིས་ མང་ བའི་ མ་ འཛུགས་ བྱས་ ཏེ། རྒྱ་ གར་ ནང་ རྒྱ་ ནག་ གི་ ཁེ་ ལས་ གསར་ འཛུགས་ དང་ འབྲེལ། རྒྱ་ གར་ ལ་ རོགས་ རམ་ བྱས་ ཏེ་ རྒྱ་ གར་ ནང་ མྱུར་ ཚད་ ལྡན་ པའི་ མེ་ འཁོར་ ལྕགས་ ལམ་ གསར་ སྐྲུན་ དང་ ། གཞུང་ ལམ་ གསར་ རྒྱག རླངས་ འཁོར་ བཟོ་ སྐྲུན་ ཁང་ དང་ ཟས་ རིགས་ ཁེ་ ལས་ གསར་ འཛུགས་ གཙོས། མཚོ་ ཐོག་ བརྒྱུད་ རྒྱལ་ ཁབ་ གཉིས་ བར་ དར་ གོས་ ཚོང་ འབྲེལ་ བྱ་ རྒྱུ་ བཅས་ ཀྱི་ ཐད་ གྲོས་ མོལ་ བྱེད་ རྒྱུའི་ འཆར་ གཞི་ ཡོད" ཅེས་ བརྗོད་ འདུག
ཁོས་ མུ་ མཐུད་ དུ།"ཉི་ ཧོང་ ལ་ རྒྱ་ གར་ གཞུང་ གིས་ རྒྱ་ གར་ ནང་ མྱུར་ ཚད་ ལྡན་ པའི་ མེ་ འཁོར་ (Bullet Trains) བཟོ་ སྐྲུན་ བྱ་ རྒྱུའི་ ལས་ འཆར་ ཐོག་ མ་ དེ་ སྤྲད་ ཡོད་ པ་ ལྟར། ད་ ལྟ་ ང་ ཚོས་ རྒྱ་ གར་ ནང་ མྱུར་ ཚད་ ལྡན་ པའི་ མེ་ འཁོར་ བཟོ་ སྐྲུན་ བྱ་ རྒྱུའི་ ལས་ འཆར་ གཉིས་ པ་ དེར་ ཤུགས་ རྒྱག་ གི་ ཡོད། རྒྱ་ གར་ གྱི་ གྲོང་ ཁྱེར་ ཕན་ ཚུན་ བར་ ཆུ་ ཚོད་ གཅིག་ ནང་ སྤྱི་ ལེ་ ༡༦༠ ལྷག་ བགྲོད་ ཐུབ་ པའི་ མེ་ འཁོར་ བཟོ་ སྐྲུན་ གཙོས། རྒྱ་ གར་ རྒྱལ་ ཡོངས་ ཀྱི་ མེ་ འཁོར་ ལྕགས་ ལམ་ འཕེལ་ གཏོང་ བ་ སོགས་ རྒྱ་ ནག་ གཞུང་ གིས་ རྒྱ་ གར་ ནང་ ཨ་ སྒོར་ ཐེར་ འབུམ་ ༥༠ ལྷག་ མ་ འཇོག་ བྱས་ ཏེ། རྒྱ་ གར་ གྱི་ གཞུང་ ལམ་ དང་ གྲུ་ ཁ། གཙང་ ཆུའི་ ལས་ འཆར་ ཁག་ ལ་ མཉམ་ ལས་ བྱ་ རྒྱུ་ ཡིན" ཞེས་ བརྗོད་ འདུག
ཁ་ སང་ རྒྱ་ གར་ སྲིད་ བློན་ ནཱ་ རེན་ ཌ་ མུ་ དྷེ་ ཡིས་ གསར་ ལམ་ དུ། རྒྱ་ གར་ གྱི་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ ཆེད་ རྒྱ་ ནག་ གཙོས་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ ལ་ བརྒྱ་ ཆ་ བརྒྱ་ ཡི་ མ་ འཛུགས་ བྱ་ རྒྱུར་ (FDI) ཆོག་ མཆན་ སྤྲད་ ཡོད་ སྐོར་ དང་ ། རྒྱ་ གར་ འགྲིམ་ འགྲུལ་ བློན་ ཆེན་ སྐུ་ ཞབས་ ནེ་ ཊིན་ གྷ་ ཀ་ རེ་ (Nitin Gadkari) ལགས་ ཀྱིས་ ཀྱང་ ། ད་ ལོ་ རྒྱ་ གར་ གཞུང་ གིས་ ཨ་ སྒོར་ ཐེར་ འབུམ་ ༣༢།༩ ཡིས་ འགྲོ་ སོང་ བཏང་ སྟེ། རྒྱ་ གར་ གྱི་ གཞུང་ ལམ་ གསར་ སྐྲུན་ དང་ རྒྱ་ སྐྱེད་ ཀྱི་ ལས་ འཆར་ ཁག་ བསྒྲུབ་ རྒྱུ་ ཡིན་ སྐོར། དེ་ བཞིན་ ཟླ་ འདིའི་ ཚེས་ ༡༡ ཉིན་ རྒྱ་ གར་ གྱི་ གློག་ ཤུགས་ མཁོ་ འདོན་ བློན་ ཆེན་ (Power minister) པི་ ཡུ་ ཤི་ གྷོ་ ཡལ་ (Piyush Goyal) ལགས་ ཀྱིས། ཨོ་ རི་ ས་ མངའ་ སྡེའི་ སྤྱི་ ཁྱབ་ བློན་ ཆེན་ ནཱ་ ཝན་ (Naveen Patnaik) ལགས་ སུ། མ་ འོངས་ པའི་ ལོ་ ༤ ནང་ རྒྱ་ གར་ ནང་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ གིས་ རྒྱ་ གར་ གྱི་ རྒྱུན་ སྤྱོད་ ཐུབ་ པའི་ གློག་ ཤུགས་ ཐོན་ ལས་ (renewable sector) ཁག་ ལ་ ཨ་ སྒོར་ ཐེར་ འབུམ་ ༡༠༠ ཡི་ ཐད་ འཛུགས་ མ་ འཇོག་ བྱ་ འཆར་ ཡོད་ སྐོར་ བརྗོད་ ཡོད་ པ་ མ་ ཟད། མ་ འོངས་ པའི་ ལོ་ ༥ ནང་ ཨོ་ རི་ སའི་ རྡོ་ སྣུམ་ ཁེ་ ལས་ ཁག་ དང་ ། རྡོ་ སྣུམ་ དང་ སོལ་ རླངས་ སྦུབས་ ལམ་ (pipelines) གཙོས་ གློག་ འདོན་ ས་ ཚིགས་ ཀྱི་ བརྒྱུད་ ལམ་ ཁག་ ལ་ ཨ་ སྒོར་ ས་ ཡ་ ༣༠ ཡི་ འགྲོ་ གྲོན་ གཏོང་ རྒྱུ་ ཡིན་ སྐོར་ སོགས་ བསྒྲགས་ ཡོད་ འདུག
ཟླ་ འདིའི་ ཚེས་ ༡༧ ཉིན་ རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ གྱིས་ སྣེ་ ཁྲིད་ འོག་ རྒྱ་ གར་ ནང་ སྐོར་ སྐྱོད་ བྱ་ འཆར་ ཡོད་ པའི་ རྒྱ་ ནག་ གི་ ཚོང་ དོན་ སྐུ་ ཚབ་ ཚོགས་ ཆུང་ ཁྲོད། རྒྱ་ ནག་ གི་ གྲུ་ ཁ་ ལྷན་ ཚོགས་ ཀྱི་ ཚོགས་ མི་ དང་ ། མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ ཚན་ པ(China Railway Construction Group)། བརྡ་ འཕྲིན་ ཚན་ རྩལ་ ཁེ་ ལས་ ཧུའུ་ ཝེ (Huawei)། རྒྱ་ ནག་ གི་ དངུལ་ ཁང་ (Bank of China)། རྒྱ་ ནག་ གི་ བཟོ་ ཚོང་ དངུལ་ ཁང་ (Industrial & Commercial Bank of China)། རྒྱ་ ནག་ གི་ འཛུགས་ སྐྲུན་ དང་ སོ་ ནམ་ ཞིང་ ལས་ དངུལ་ ཁང་ (China Construction and Agricultural Bank) སོགས་ ཀྱི་ སྐུ་ ཚབ་ ཡོད་ འདུག
ད་ རེབ་ རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ ནང་ སྐོར་ སྐྱོད་ བྱེད་ འཆར་ ཡོད་ པར་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ གིས་ དོ་ སྣང་ ཆེན་ པོ་ བྱེད་ བཞིན་ ཡོད་ པ་ དང་ ། ལྷག་ པར་ དུ་ བཙན་ བྱོལ་ བོད་ མིའི་ སྒྲིག་ འཛུགས་ དང་ བོད་ དོན་ རྒྱབ་ སྐྱོར་ ཚོས་ དོ་ སྣང་ གནང་ ཆེན་ པོ་ བྱེད་ བཞིན་ ཡོད།
ཟླ་ སྔོན་ མའི་ ཚེས་ ༢༩ ཉིན་ རྒྱ་ གར་ དུས་ བབ་ ཀྱིས་ པེ་ ཅིན་ ནང་ ཡོད་ པའི་ རྒྱ་ ནག་ དམར་ ཤོག་ ཚོགས་ པའི་ སློབ་ གྲྭའི་ རྒྱ་ གར་ གནད་ དོན་ ཆེད་ མཁས་ པ་ མཱ་ ཅཱ་ ལི་ (Ma Jiali) ལ་ བཅར་ འདྲི་ ཞུས་ པའི་ ནང་ ། རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ ནང་ སྐོར་ སྐྱོད་ བྱེད་ སྐབས། རྒྱ་ གར་ གྱི་ དཔོན་ རིགས་ ཚོར་ ༧གོང་ ས་ མཆོག་ གི་ གནང་ སྒོ་ ཇི་ ཡིན་ དང་ རྒྱ་ གར་ ནང་ བོད་ མིའི་ སྒྲིག་ འཛུགས་ གནས་ ཆོག་ མིན་ ཐོག་ གླེང་ སློང་ ཡོང་ རྒྱུ་ ཡིན་ སྐོར་ བརྗོད་ ཡོད་ པ་ དང་ ། ཟླ་ འདིའི་ ཚེས་ ༡༡ ནང་ རྒྱ་ གར་ དབུས་ ཆབ་ སྲིད་ ཉམས་ ཞིབ་ ཁང་ གི་ ཐབས་ ཇུས་ མཁས་ པ་ ལྦར་ མ་ ཅཱ་ ལ་ ནི་ ལགས་ ཀྱིས་ ཀྱང་ ། རྒྱ་ དཀར་ ནག་ གཉིས་ ཀྱི་ འབྲེལ་ ལམ་ ཐོག་ ཆེད་ བརྗོད་ ཅིག་ སྤེལ་ ཡོད་ པའི་ ནང་ ། རྒྱ་ ནག་ གི་ དཔོན་ རིགས་ ཚོའི་ འཚམས་ གཟིགས་ དམིགས་ ཡུལ་ གཙོ་ བོ་ ནི། རྒྱ་ གར་ དང་ མཉམ་ ལས་ བྱེད་ ཤུགས་ ཆེ་ རུ་ གཏོང་ ཆེད་ མིན་ པར་ ས་ ཆའི་ བདག་ དབང་ རྩོད་ རྒྱུ་ ནས་ མགོ་ ཚུགས་ ཏེ་ ཁེ་ ཕན་ བསྒྲུབ་ ཆེད་ ཡིན། ཞེས་ བརྗོད་ ཡོད་ པ་ མ་ ཟད། རྒྱ་ གར་ སྲིད་ བློན་ ནེ་ རུ་ ནས་ བཟུང་ སྲིད་ བློན་ རིམ་ པས་ རྒྱ་ ནག་ ནང་ འཚམས་ གཟིགས་ གནང་ སྐབས། ཁོང་ རྣམ་ པས་ རྒྱ་ ནག་ གཞུང་ ལ་ མཛའ་ མཐུན་ གྱི་ རྣམ་ པ་ མཚོན་ པའི་ གཏམ་ བཤད་ གནང་ བ་ དང་ རྩ་ ཆེན་ གནང་ སྐྱེ་ དེ་ འདྲ་ ཕུལ་ བ་ སོགས་ བཟང་ ཕྱོགས་ རྣམ་ འགྱུར་ སྟོན་ ཅི་ ཐུབ་ བྱས་ ཡོད་ ཀྱང་ ། དེ་ ཚོའི་ ལན་ ལ་ རྒྱ་ ནག་ གིས་ རྒྱ་ གར་ ལ་ ཁེ་ ཕན་ གང་ ཡང་ སྤྲད་ མེད་ པ་ མ་ ཟད། ཕན་ ཚུན་ གྲོས་ མཐུན་ འཇོག་ སྐབས་ ཀྱང་ རྒྱ་ གར་ ལ་ གྱོང་ གུད་ ཆེན་ པོ་ ཕོག་ གི་ ཡོད་ སྐོར་ བསམ་ ཚུལ་ སྤེལ་ ཡོད།
ཟླ་ འདིའི་ ཚེས་ ༩ ཉིན་ རྒྱ་ གར་ སྲིད་ བློན་ ཉི་ ཧོང་ དུ་ སྐྱོད་ སྐབས་ ཁོང་ གིས། "བར་ ལམ་ ང་ ཚོའི་ ཉེ་ འཁོར་ དུ་ དུས་ རབས་ ༡༨ ནང་ རྒྱ་ སྐྱེད་ རིང་ ལུགས་ ཀྱི་ བསམ་ བློའི་ འོག་ གཞན་ གྱི་ ས་ ཆ་ བཙན་ བཟུང་ དང༌། གཞན་ གྱི་ མཚོ་ ཁུལ་ དུ་ བཙན་ འཛུལ་ བྱེད་ མཁན་ ཡོད་ སྟབས། རྒྱ་ གར་ དང་ ཉི་ ཧོང་ གཉིས་ ལ་ ཨེ་ ཤ་ ཡའི་ བརྟན་ ལྷིང་ སྲུང་ སྐྱོབ་ བྱ་ རྒྱུའི་ འོས་ འགན་ ཡོད" ཅེས་ དང་ ། ཟླ་ འདིའི་ ཚེས་ ༩ ཉིན་ རྒྱ་ གར་ གྱི་ ཕྱི་ སྲིད་ བློན་ ཆེན་ ལྕམ་ (Sushma Swaraj) ལགས་ ཀྱིས་ གསར་ འགྱུར་ བརྒྱུད་ ལམ་ ཐོག "དེ་ སྔ་ རྒྱ་ ནག་ ངོས་ ནས་ ང་ ཚོ་ དང་ མཉམ་ དུ་ བོད་ དང་ ཐའེ་ ཝན་ གྱི་ གནད་ དོན་ གླེང་ སློང་ བྱེད་ སྐབས། ང་ ཚོས་ རྒྱ་ ནག་ གི་ གཅིག་ གི་ འདོད་ ཚུལ་ ལ་ བསམ་ ཤེས་ བྱས་ ཡོད་ པ་ ལྟར་ རྒྱ་ ནག་ གཞུང་ གིས་ ཀྱང༌ང་ ཚོས་ ཨ་ རུ་ ན་ ཅལ་ མངའ་ སྡེའི་ གནད་ དོན་ དེ་ གལ་ ཆེན་ པོ་ བརྩི་ བཞིན་ ཡོད་ པར་ བསམ་ ཤེས་ བྱས་ ཏེ། རྒྱ་ གར་ གཅིག་ གི་ འདོད་ ཚུལ་ ལ་ མོས་ མཐུན་ བྱེད་ དགོས་ ཀྱི་ རེད" ཅེས་ བརྗོད་ ཡོད།
དེ་ བཞིན། ཉིན་ འདི་ གར་ དྷ་ རམ་ ས་ ལར་ ཚོགས་ བཞིན་ པའི་ བོད་ མི་ མང་ སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ དབུ་ འབྱེད་ གཏམ་ བཤད་ ནང་ དུའང་ ཚོགས་ གཙོ་ སྤེན་ པ་ ཚེ་ རིང་ མཆོག་ གིས། ད་ ཐེངས་ རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ ནང་ ཐོག་ མར་ གཟིགས་ སྐོར་ གནང་ བཞིན་ ཡོད་ པ་ དང་ བསྟུན་ ཏེ། སྤྱི་ འཐུས་ ལྷན་ ཚོགས་ ངོས་ ནས་ ལྡི་ ལིར་ ཡོད་ པའི་ རྒྱ་ ནག་ གཞུང་ ཚབ་ བརྒྱུད། རྒྱ་ ནག་ སྲིད་ འཛིན་ ལ། རྒྱ་ ནག་ གཞུང་ གིས་ བོད་ དེ་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ ལམ་ ལུགས་ འོག་ ལྷ་ ཡུལ་ ལྟ་ བུར་ བསྒྱུར་ ཡོད་ ཅེས་ བཤད་ པ་ ལྟར། དངོས་ ཡོད་ གནས་ ཚུལ་ རྟོག་ ཞིབ་ ཆེད་ སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ སྐུ་ ཚབ་ ཅིག་ བོད་ ནང་ ཡོང་ ཆོག་ པ་ ཞུ་ ཞེས་ ཞུས་ ཡོད། ཅེས་ གསུངས་ ཡོད།
ཆབ་ སྲིད་ དབྱེ་ ཞིབ་ པ་ ཚོས། རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ ནང་ སྐོར་ སྐྱོད་ དང་ འབྲེལ་ རྒྱལ་ ཁབ་ གཉིས་ བར་ ཚོང་ དོན་ གྲོས་ ཆོད་ ག་ ཚོད་ ཅིག་ བཞག་ ཀྱང་ ། རྒྱ་ དཀར་ ནག་ གི་ འབྲེལ་ ལམ་ ཡག་ ཏུ་ འགྲོ་ རྒྱུ་ ཁག་ པོ་ ཡིན་ པ་ ཙམ་ མ་ ཟད། བོད་ ཐོག་ འཛིན་ པའི་ སྲིད་ བྱུས་ ལའང་ འགྱུར་ ལྡོག་ འགྲོ་ རྒྱུ་ ཁག་ པོ་ ཡིན་ སྐོར་ རྗོད་ བཞིན་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
