རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

འཛམ་གླིང་གི་བོད་ཡིག་ལག་བྲིས་སྒྱུ་རྩལ་གྱི་ཤོག་དྲིལ་རིང་ཤོས།

འཛམ་གླིང་བོད་ཡིག་ལག་བྲིས་སྒྱུ་རྩལ་ཤོག་དྲིལ་རང་ཤོས་ཀྱི་མཚན་གནས་ཐོབ་མཁན་བོད་ཀྱི་ཡིག་གཟུགས་སྒྱུ་<རྩལ་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཡིག་གཟུགས་འགྲེམས་སྟོན་གནང་སོང་ལ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཡི་གེ་བྱུང་ཚུལ་སྐོར་ལ་གསུང་བཤད་གནང་སོང་
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་དྷ་ས་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་
ཁང་དུ་དབུས་གཙང་རྒྱུན་ལས་ཁང་གི་གོ་སྒྲིག་འོག ༢༠༡༠ ལོར་འཛམ་གླིང་གི་བོད་ཡིག་ལག་བྲིས་སྒྱུ་རྩལ་གྱི་ཤོག་དྲིལ་རང་ཤོས་སྨི་ཌི་(Metre) ༡༦༣ འབྲི་མཁན་གྱི་མཚན་གནས་ཐོབ་མཁན་སྐུ་ཞབས་ལྕགས་རི་ཤར་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་བྲིས་པའི་སངས་རྒྱས་བཅོམ་ལྡན་འདས་དང་སྒྲོལ་མ། སློབ་དཔོན་པདྨ་འབྱུང་གནས། མཆོད་རྟེན། རླུང་རྟ་སོགས་ཀྱི་བོད་ཡིག་ལག་བྲིས་སྒྱུ་རྩལ་འགྲེམས་སྟོན་གནང་སོང་
འགྲེམས་སྟོན་དེའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེད་སིན་(Ajay Singh Mankotia) ལགས་དང་དྷ་ས་ས་གནས་མགོ་འཛིན། དེ་བཞིན་དྷ་སའི་རྒྱ་གར་དང་བོད་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་མི་མང་བཅས་མི་ ༡༠༠ ལྷག་འཛོམས་སོང་
མཛད་སྒོའི་ཐོག་མར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡིག་གཟུགས་འགྲེམས་སྟོན་དབུ་འབྱེད་གནང་རྗེས། དབུས་གཙང་ཆོལ་ཁའི་ངོས་ནས་སྒྱུ་རྩལ་པ་ཁོང་གི་ལས་ཀར་བསྔགས་བརྗོད་དང་ཆེ་བསྟོད་ཕྱག་འཁྱེར་ཞིག་གནང་གནང་བ་དང་འབྲེལ། དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཡིག་ལག་བྲིས་སྒྱུ་རྩལ་པ་ཁོང་གིས་ ༢༠༡༠ ལོར་འཛམ་གླིང་གྲགས་ཅན་ཇེ་ནེ་སི་དཔེ་དེབ་མཚན་གནས་བཞེས་ཏེ་ད་བར་ལོ་བཞི་ཙམ་ཕྱིན་ཡང་བོད་པའི་སྤྱི་ཚོགས་ནང་སྒྱུ་རྩལ་པ་ཁོང་དང་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཁག་ལ་གདེང་འཇོག་བྱེད་མཁན་བྱུང་མེད་སྐོར་བརྗོད་སོང་
སྒྱུ་རྩལ་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། སྦྱིར་བཏང་འཛམ་གླིང་གི་ཡིག་གཟུགས་རིང་ཤོས་ཟེར་ནས་ལོ་བཞི་ལྔ་ཞིག་ཕྱིན་ཡང་། བོད་པའི་སྤྱི་ཚོགས་ནང་མཐོང་འདྲ་བོ་རག་པ་ད་རེབ་ཐེངས་དང་པོ་ཡིན་པ་དང་། དབུས་གཙང་ཆོལ་ཁས་ཆེ་སྟོད་ལག་འཁྱེར་གནང་ཡོང་དུས་སོ་སོའི་སྒྱུ་རྩལ་ལ་བདག་པོ་ཞིག་འདུག་བསམ་སོང་། སྔོན་མ་དྲུག་ཅུའི་ནང་ང་ཚོ་སིམ་ལ་སློབ་གྲྭའི་ནང་ཡོད་སྐབས་རིན་པོ་ཆེ་མཆོག་དང་དགུང་པ་རྫོགས་པའི་དགེ་བཤེས་བློ་བཟང་དར་རྒྱས་ལགས་གཉིས་ཀྱིས་དཀའ་ངལ་ཆེན་པོས་ཀ་ཁ་སློབ་ཁྲིད་གནང་བ་དེ་ད་ལྟ་འཛམ་གླིང་ནང་སྐད་གྲགས་བྱུང་བ་དེ་ཁོང་རྣམ་པ་གཉིས་ཀྱི་བཀའ་དྲིན་ཡིན། ཅེས་བརྗོད་སོང་
ཁོང་གིས་མུ་མཐུད་དུ། དེང་སྐབས་ཡིག་གཟུགས་སྦྱངས་ནས་ཆོ་མེད་པར་གློག་ཀླད་ཡོད་པ་རེད་ཟེར་<བ་དང་། ལྷག་པར་དུ་དབུ་མེད་སྦྱོང་ན་ཕན་ཐོགས་མི་འདུག་ཟེར་བའི་དུས་ཚོད་ཅིག་ལ་ངས་བོད་ཡིག་ལག་བྲིས་ཀྱི་འགྲེམས་སྟོན་བྱས་ཏེ། ང་རང་གི་ཐོག་ནས་བོད་པའི་གཞོན་སྐྱེས་ཚོའི་ནང་ཡིག་གཟུགས་ལ་བསྐྱར་དུ་དོ་སྣང་དང་འཛམ་གླིང་ནང་རྒྱ་ནག་དང་ཏ་ཟིག་ (Persia) གི་ཡིག་གཟུགས་སྒྱུ་རྩལ་གྲས་སུ་བོད་ཀྱི་ཡིག་གཟུགས་ཀྱང་བསླེབ་ཐུབ་ཆེད་ཡིན། ཞེས་བརྗོད་སོང་
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་གིས་བོད་ཀྱི་ཡིག་གེ་བྱུང་སྟངས་སྐོར་གསུངས་དོན། ཡི་གེ་དང་ཡིག་གཟུགས་གཉིས་ངོ་བོའི་ཆ་ནས་ཁ་ཁ་རེད། ཡི་གེ་ཟེར་སྐབས་ངག་གི་རང་བཞིན་ཞིག་རེད། ཡིག་གཟུགས་ཟེར་སྐབས་མངོན་པར་གསལ་བའི་གཟུགས་ཀྱི་སྤྱི་ཁྱབ་རང་བཞིན་ཞིག་ཆགས་ཡོད། བོད་ཡིག་ལ་ཆ་བཞག་ན་དུས་རབས་བདུན་པའི་ནང་གཞི་ནས་གསར་དུ་བྱུང་བ་ཞིག་རེད། སྦྱིར་འཇིག་རྟེན་གྱི་ཡིག་རིགས་ནང་བོད་ཀྱི་ཡིག་གཟུགས་རྙིང་པ་ཞེ་དྲག་མ་རེད། ཐོན་མི་སམ་བྷོ་ཊས་བརྩམས་པའི་བོད་ཀྱི་ཡིག་གཟུགས་མ་བྱུང་བའི་སྔོན་ལ་བོད་དུ་ཡིག་གཟུགས་ཡོད་མེད་རྩོད་གཞི་རེད། གཡང་དྲུང་བོན་ལ་སོགས་པའི་བོད་ཀྱི་སྔ་རོལ་གྱི་བྱུང་རབས་ནང་ཁ་ཤས་ཀྱིས་ཐོན་མིས་བརྩམས་པའི་ཡིག་གཟུགས་སྔོན་ལ་བོད་དུ་ཡིག་གཟུགས་ཡོད་སྐོར་གསུང་མཁན་ཡོད་ཀྱང་། ད་ལྟའི་བར་བྱུང་རབས་ཀྱི་བདེན་རྟགས་ཟངས་དང་རྡོ་ལ་བརྐོས་པའི་རིགས་གང་ཡང་རག་གི་ཡོད་པ་མ་རེད། དཔེར་ན། རྒྱ་གར་གྱིས་མཚོན་པའི་ཤར་གླིང་གི་ཡིག་གཟུགས་རྙིང་པ་ཚོར་ཆ་བཞག་ན་སྤྱི་ལོའ་སྔོན་གྱི་བརྒྱ་ཕྲག་དྲུག་པ་བདུན་པར་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་ཀྱི་ཡིག་གཟུགས་དེ་འདྲ་རག་གི་ཡོད། ཅེས་གསུངས་སོང་
རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་གསུངས་དོན། "བོད་ཀྱི་ཡི་གེ" ཟེར་བའི་ཐ་སྙད་འདི་རྒྱ་གར་གྱི་བསྟན་བཅོས་སངས་རྒྱས་ཀྱི་བཀའི་ནང་བོད་ཀྱི་ཡི་གེ་ཟེར་བ་བྱུང་མེད་ཀྱང་། བོད་ཀྱི་ཡི་གེ་ཟེར་བའི་ཐ་སྙད་ཐོག་མ་འགྲེལ་ཆེན་དྲི་མེད་ཡུལ་ནང་ཡོད་པ་རེད། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་ཡུལ་ཆོས་རྒྱལ་འཇམ་དཔལ་གྲགས་པ་དང་པདྨ་དཀར་པོའི་སྐབས་བྱུང་བ་རེད། འགྲེལ་ཆེན་དྲི་མེད་བརྩམས་པའི་ལོ་དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༦༠༠ ཙམ་འདས་པའི་རྗེས་རེད། སངས་རྒྱས་ཀྱིས་གསུངས་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དེ་ཡུལ་ལུང་སོ་སོའི་སྐད་ཡིག་ནང་འབྲི་སྐབས་བོད་པ་རྣམས་ཀྱིས་བོད་ཀྱི་ཡི་གེའི་ནང་བྲིས་པ་རེད་ཅེས་པའི་ཚིག་གསལ་བོར་འཁོད་ཡོ། དེ་ལ་སྒྲ་ཅི་བཞིན་ཁས་བླངས་ན་ཐོན་མིས་བརྩམས་པའི་ཡིག་གཟུགས་སྔོན་དུ་བོད་ལ་ཡི་གེ་ཟེར་བ་ཡོད་ཀྱང་བར་ལམ་ཉམས་ཆག་ཕྱིན་ཡོད་འདུག འགྲེལ་ཆེན་དྲི་མེད་ཡུལ་ནང་གསུངས་བ་དེ་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་བའང་ཡིན་སྲིད། དཔེར་ན། མདོ་རྒྱུད་ནས་གསུང་བ་མང་དག་ཅིག་འབྱུང་འགྱུར་ལུང་བསྟན་གྱི་ཚུལ་མང་པོ་ཡོད་པ་རེད། དེ་འདྲ་ཞིག་ལ་འགྲེལ་བ་བརྒྱབ་ན་མ་འགྲིག་པ་ཡོད་པ་མ་རེད། གང་ལྟར་བོད་ཀྱི་ཡིག་གཟུགས་དེ་རྒྱ་གར་ནང་སྐབས་དེར་དར་བའི་ཌེ་བེ་ནཱ་གྷི་རེ་ (Devenagari) ཟེར་བ་དེ་ནས་ཚངས་པའི་ཡིག་གཟུགས་དང་ལྷ་ཡི་ཡིག་གཟུགས། ཡང་མིན་ན་ལྷ་ཡི་གྲོང་ཁྱེར་གྱི་ཡིག་གཟུགས་དེ་འདྲ་སྣ་ཚོགས་ལ་དཔེ་བལྟས་པ་རེད་ཅིག་རེད། ཅེས་གསུངས་སོང་
བཀའ་བློན་ཁྲི་ཟུར་མཆོག་གིས་བོད་ཀྱི་དབྱངས་གསལ་དེ་དག་ལེགས་སྦྱར་ལས་བྱུང་ཚུལ་གསུངས་དོན། དབུ་ཅན་དང་དབུ་མེད་གཉིས་ཡོང་དགོས་དོན་ཡང་སྐབས་དེ་དུས་མགོ་ཡོད་པ་དང་མགོ་མེད་པ་གཉིས་ལས་དབུ་ཅན་དང་དབུ་མེད་གཉིས་བྱུང་བ་རེད། ཁ་སང་དེ་རིང་མཁས་པ་ཁ་ཤས་ཀྱིས་ཐོག་མ་དབུ་ཅན་བྱུང་བ་དང་དབུ་ཅན་མགྱོགས་པོར་འབྲི་སྐབས་དབུ་མེད་ཆགས་པ་རེད་ཅེས་གསུང་མཁན་ཡོད་པ་རེད། དེ་བྱུང་རབས་ཀྱི་གནས་སྟངས་དང་མཐུན་པ་ཞིག་ཆགས་ཀྱི་མེད། བོད་པའི་ཡི་གེ་འདི་གཞན་དང་མི་འདྲ་བ་ཁྱད་ཆོས་མང་པ་ཡོད་པ་ལས་གཅིག ང་ཚོའི་དབྱངས་དང་གསལ་བཤད་གཉིས་ལེགས་སྦྱར་གྱི་སྐད་ནས་ཚུར་བཏོན་པ་ཆགས་ཡོད། ཙ་ཚ་ཛ་ཞ་ཟ་ས་དེ་དྲུག་མ་གཏོགས་ལེགས་སྦྱར་སྐད་ནས་བཏོན་པ་ཤ་སྟག་རེད། ལེགས་སྦྱར་གྱི་སྐད་ནང་དབྱངས་གསལ་དག་མིའི་ལུས་ཀྱི་རང་བཞིན་གྱི་གནས་བབ་དང་བསྟུན་པའི་རྩ་དང་རླུང་གི་རྒྱུ་བར་ཏག་ཏག་འགྲིག་པའི་དབྱངས་གསལ་གྱི་གནས་སྟངས་ཤིག་ཆགས་ཡོད། དཔེར་ན། ང་ཚོས་གསང་སྔགས་བགྲང་སྐབས་གསང་སྔགས་ཀྱི་སྐད་དང་ཡི་གེ་ཐོག་མ་གང་ནང་གསུངས་པ་དེ་རང་ནས་གསང་སྔགས་བགྲང་པ་མ་གཏོགས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་ནང་བསྒྱུར་ནས་བགྲང་གི་མེད། དེ་རྒྱུ་མཚན་ག་རེ་རེད་ཟེར་ན་སྒྲ་གདངས་དང་སྒྲ་གདངས་ཀྱི་ངོ་བོ་མཚོན་ཆེད་ཡིག་གཟུགས་གཉིས་ཀ་སྤྱི་ཚོགས་ཀྱི་ལམ་གྱི་རིམ་པ་དང་མཐུན་པའི་དབང་གིས་རེད། གང་ལྟར་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་གཉིས་ཀ་ལེགས་སྦྱར་སྐད་དང་ཐག་ཉེ་བོ་ཡོད་པ་ང་ཚོས་ངེས་པར་ཤེས་དགོས། དེ་ལ་བརྟེན་ནས་ལེགས་སྦྱར་གྱི་གཞུང་མང་པོ་ཞིག་བོད་སྐད་ནང་བསྒྱུར་ཐུབ་པ་དང་། བོད་ཀྱི་ཡིག་གཟུགས་ཕལ་ཆེ་བ་ལེགས་སྦྱར་གྱི་ཡིག་གཟུགས་ལ་ཐག་ཉེ་བ་ཡོད། ཅེས་གསུངས་སོང་
མཇུག་ཏུ་རིན་པོ་ཆེ་མཆོག་གིས། ཡིག་གཟུགས་དེ་དག་དང་སྒྱུ་རྩལ་གྱི་ལམ་ནས་མཛེས་ཆོས་ཚང་བའི་ཐོག་ནས་བྲིས་ཐུབ་པར་དེང་རབས་ཀྱི་གསར་གཏོད་ཟེར་ན་འདྲ་གྲུབ་འབྲས་ཆེན་པོ་རེད། ལྷག་པར་དུ་དེང་སང་ཡིག་གཟུགས་ཆུང་ཆུང་འབྲི་བ་ཞེ་དྲག་ཉམས་བསྡད་པ་རེད། སྔོན་མ་རྒྱ་གར་གྱི་མཁས་པ་ཆེན་པོ་ཚོས་གཞུང་ལུགས་ཆེན་པོ་དག་ཡིག་གཟུགས་ཆུང་ཆུང་འབྲི་བའི་ལུགས་སྲོལ་ཞིག་འདུག ད་རེབ་འགྲེམས་སྟོན་ནང་ཡིག་གཟུགས་ཆུང་ཆུང་ངོས་ནས་སྐུ་གཟུགས་ཀྱི་རྣམ་པ་བྲིས་པ་མང་པོ་འདུག དེར་འགྲེལ་བཤད་ཆ་ཚང་དགོས་པ་གལ་ཆེན་པ་རེད། ཅེས་གསུངས་སོང་
ལྕགས་རི་ཤར་འཇམ་དབྱངས་རྡོ་རྗེ་ལགས་སྔོན་མ་འབྲས་ལྗོངས་མངའ་སྡེ་གཞུང་ནང་ལོ་མང་ཕྱག་ལས་གནང་མྱོང་ཡོད་པ་དང་། དེའི་རྗེས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ཁོངས་ཞུགས་ཡོད།
གསར་འགོད་པ། ལྷ་སྐྱབས་རྒྱལ།
དུས་བབ་དྲ་བ་ནས།།