སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོཊ་པར་བོད་ཀྱི་གནའ་བོའི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་འགན་ཡོད་པ་གསུངས་འདུགདེ་ཡང་ཟླ་བ་འདིའི་ཕྱི་ཚེས་༨ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༥༥ འཁོར་བའི་དུས་དྲན་འཁེལ་ཡོད་པ་དང་།
དུས་དྲན་དེ་དང་བསྟུན་ཏེ་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་ཡོད་པ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས། བོད་ནང་བོད་མི་རིགས་ཀྱི་གནའ་བོའི་རིག་གཞུང་དང་གོམས་སྲོལ་ཉམས་པའི་དུས་འདིར། བཙན་བྱོལ་ནང་གི་བོད་ཀྱི་ཟློས་གར་ཚོགས་པར་དམིགས་བསལ་དེ་དག་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་འགན་ཡོད་པ་གསུངས་ཡོད་པ་དང་། ཁོང་གིས་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་ཉིན་མོར་གཞས་སྣ་འགྲན་བསྡུར་བྱེད་ཀྱི་ཡོད་པ་དེ་ནི་ཧ་ཅང་སྙན་གྲགས་ཆེན་པོ་ཆགས་ཡོད། ད་ལྟ་བར་དུ་མི་མང་པོས་ཐོས་མྱོང་ཡོད་ཀྱང་ང་རང་དངོས་སུ་བཅར་བ་དེ་རིང་དང་པོ་ཡིན། སྙན་གྲགས་ཡོད་པ་ལྟར་གྲ་སྒྲིག་གནས་སྟངས་སོགས་གང་ཅིའི་ཐད་ལ་ཧ་ཅང་ཡག་པོ་གནང་འདུག དམིགས་བསལ་དེ་རིང་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་བྱུང་སོང་། གང་ལགས་ཤེ་ན། ཁོང་རྣམ་པས་གཞས་སྣ་འཁྲབ་སྟོན་གནང་བ་མང་ཆེ་བ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་ལོ་དང་སྟབས་བསྟུན་པའི་ཐོག་ནས་བཀའ་ཤག་སྐབས་༡༤པས་འདི་ལོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྣམ་པ་ཚོས་ཀྱང་དེ་ལྟར་གནང་སོང་ཞེས་གསུང་གནང་བ་སྦྲགས་བོད་ཀྱི་ཟློས་གར་ཚོགས་པ་ཕྱི་ལོ་༡༩༥༩ཟླ་༨ཚེས་༡༡ཉིན་ཀ་སྦུག་ཏུ་དབུ་འཛུགས་གནང་བ་ནས་བཟུང་། ད་ཕན་བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་ཁབ་༣༦ཙམ་ནང་གཞས་སྣ་ཁག་འཁྲབ་སྟོན་གནང་སྟེ། རྒྱལ་སྤྱིའི་ཐོག་བོད་ཀྱི་རིག་གཞུང་སྐོར་ལ་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་ཀྱི་
རྩ་དོན་ཡང་ཁྱབ་བསྒྲགས་བྱེད་ཐུབ་པར་བརྟེན་བོད་དོན་ལ་རྒྱབ་སྐྱོར་ཐོབ་པའི་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་དང་། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་རྣམ་པས་སློབ་གྲྭ་དང་གཞིས་ཆགས་ཁག་ནང་འགན་ཁུར་བཞེས་པའི་ཐོག་ང་ཚོའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་གི་ཡོད། ང་ཚོར་རིག་གནས་ཆེ་ཆུང་བཅུ་ཡོད་ཁོངས་ནས་ཟློས་གར་ཚོས་པས་ཟློས་གར་སྲུང་སྐྱོབ་དང་མི་ཉམས་གོང་སྤེལ་གནང་བ་ནི་བྱས་རྗེས་ཆེན་པོ་རེད་ཅེས་བོད་ཀྱི་ཟློས་གར་གྱི་སྒྲིག་འཛུགས་དང་དགེ་རྒན་རྣམ་པ་ཚོར་བསྔགས་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།
