རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་དོན་དཀའ་རྙོག་སེལ་རྒྱུ་དེ་ནི་རྒྱ་དཀར་ནག་གཉིས་ཀའི་ཁེ་ཕན་ཡིན།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་ཉིན་གཏམ་བཤད་གནང་བཞིན་པ།རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ནང་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་འདི་བཞིན་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་གནང་དགོས། 
དེ་ཡང་བདུན་ཕྲག་རྗེས་མ་རྒྱ་ནག་གི་སྲིད་འཛིན་Xi Jinpingརྒྱ་གར་དུ་གཞུང་དོན་འཚམས་གཟིགས་ཐོག་མ་དེ་ཕེབས་ཀྱི་ཡོད་པ་རེད། གཟིགས་སྐོར་གྱི་སྔོན་
ཚུད་དུ་ཉེ་ལམ་The Hinduཞེས་པའི་རྒྱ་གར་གྱི་དབྱིན་ཡིག་གསར་ཤོག་གི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གྱི་གཞུང་གསར་པའི་ཐོག་ལ་རེ་སྒུག་ག་རེ་གནང་གི་ཡོད་མིན་སོགས་གནད་དོན་ཁག་ཅིག་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་འདི་བཞིན་གནད་དོན་གཙོ་བོ་ཞིག་ཡིན་པར་བརྗོད་ཡོད་པ་བཞིན་རྒྱ་གར་ཙམ་མ་ཟད། ལྷོ་ཤར་ཨེ་ཤི་ཡ་ཡོངས་ལའང་བོད་ཀྱི་གནད་དོན་འདི་གལ་གནད་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་སྟབས་དེ་ལྟར་ངོས་འཛིན་བྱ་རྒྱུ་གལ་ཆེན་རེད་ཅེས་བཀའ་ལན་གནང་འདུག སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་པར། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་གར་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུར་ང་ཚོས་རེ་སྒུག་བྱེད་བཞིན་ཡོད་ལ་ང་ཚོའི་ལངས་ཕྱོགས་ནི། དབུ་མའི་ལམ་གྱི་སྲིད་ཇུས་གཞི་ལ་བཟུང་སྟེ་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་བསྐྲུན་ཐབ་བྱེད་བཞིན་ཡོད་ཅེས་གསལ་འདོན་གནང་འདུག ཡང་གོང་གསལ་གསར་ཤོག་གིས་གསར་འགོད་པས། རྒྱ་གར་གྱི་སྲིད་བློན་Modi མཆོག་ནས་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་དེ་གལ་གནད་ཆེན་པོར་གཟིགས་སྟབས་བོད་ཀྱི་གནད་དོན་ཟུར་འབུད་བྱེད་སྲིད་མིན་ཐོག་བོད་མི་ཚོར་བློ་འཚབ་ཇི་ཡོད་བཅར་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་གར་དང་ཡུལ་གྲུ་གཞན་དབར་བཟང་ཕྱོགས་ཀྱི་འབྲེལ་བའི་འཕེལ་རིམ་ལ་བོད་མིའི་ངོས་ནས་དགའ་བསུ་ཞུ་ཡི་ཡོད་པ་ལས་དེར་འགོག་རྐྱེན་སྤྲོད་རྒྱུའི་འདུན་པ་གང་ཡང་མེད་པ་དང་། སྤྱི་ཡོངས་ཆ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་འོག་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལངས་ཕྱོགས་དེ་བཞིན་རང་རྒྱལ་གཞན་ཕམ་མེད་པར་རྒྱ་དཀར་ནག་གཉིས་ཀར་ཁེ་ཕན་ཡོད་ལུགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།