ཉེ་ཆར་སི་རི་ཡའི་སྐྱབས་བཅོལ་བ་༡༣༠,༠༠༠ ཙམ་ཀྲར་ཀི་ཡི་རྒྱལ་ཁོངས་སུ་འཛུལ་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ཡན་ལག་ལས་ཁུངས་ཀྱིས་ཛ་དྲག་གི་རོགས་སྐྱོར་དགོས་པའི་གསལ་བསྒྲགས་སྤེལ་འདུག དེ་ཡང་འདས་པའི་ཟླ་བ་ཁ་ཤས་རིང་“ཁ་ཆེའི་རྒྱལ་ཁབ་”ཀྱི་དྲག་སྤྱོད་པས་དྲག་གནོན་
ཉེ་ཆར་སི་རི་ཡའི་སྐྱབས་བཅོལ་མ་རྩིས་པར་འདས་པའི་ལོ་གསུམ་གོང་དུ་སི་རི་ཡའི་སྲིད་འཛིན་བྷ་ཤར་ཨ་ས་རྡི་(Bashar al-Assad) ཡི་སྲིད་གཞུང་ལ་མི་མང་གིས་གྱེན་ལངས་བྱས་པ་ནས་བཟུང། སི་རི་ཡའི་མི་སེར་ས་ཡ་མང་པོ་ཀྲར་ཀི་ཡི་ནང་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང་། ཁོང་ཚོར་ཀྲར་ཀིའི་གཞུང་ནས་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
ཀྲར་ཀི་ནང་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ཁེ་རོལ་བྷེ་ཅེ་ལར་ (Carol Batchelor) གྱིས། རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་། སྐྱབས་བཅོལ་བ་ཧ་ཅང་མང་པོ་སླེབས་པ་ཡིན་ན་རྒྱལ་ཁབ་དེར་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་ཅེས་བརྗོད་འདུག
ཡིན་ན་ཡང་སི་རི་ཡའི་ཁའ་ཌུ་(Kurds) ཡི་མི་སེར་མང་པོ་ཞིག་ཀྲར་ཀི་གཞུང་ལ་དགའ་བོ་མེད་པ་དང་། འདས་པའི་ལོ་༣༠ རིང་ཀྲར་ཀི་གཞུང་དམག་དང་ཁའ་ཌུ་གྱེན་ལོག་ཤོག་ཁག་གཉིས་བར་ནང་འཁྲུག་ཤོར་ཏེ། ཁྱོན་མི་གྲངས་༤༠,༠༠༠ ཙམ་རྐྱེན་ལམ་དུ་སོང་ཡོད་ཅིང་། ཁའ་ཌུ་ནི་ཀྲར་ཀི་ནང་གི་གྲངས་ཉུངས་མི་རིགས་ཡིན་པ་དང་། ༡༩༨༠ ལོར་ནས་བཟུང་ཁོང་ཚོར་ལོགས་སུ་རང་བཙན་དགོས་པའི་འཐབ་རྩོད་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༡ རེས་གཟའ་ཉི་མའི་ཉིན་ཁཱ་ཌུ་དང་ཀྲར་ཀིའི་བར་འཐབ་འཁྲུག་ཅིག་བྱུང་ཡོད་ཀྱང་། གནས་ཚུལ་ཚབས་ཆེན་ལྷག་མེད་པ་རེད། སི་རི་ཡའི་ནང་ཁའ་ཌུ་ཡི་ཡུལ་དམག་བསྡུ་རུབ་བྱེད་ཀྱི་ཡོད་པའི་ཁྲོད་ཀྲར་ཀིའི་ཁའ་ཌུ་དམག་མིའི་ཤོག་ཁག་ (PKK) མཉམ་ཞུགས་བྱས་ཏེ། ཕྱིས་སུ་ཀྲར་ཀིའི་གཞུང་ལ་གཏོར་རྒོལ་བྱ་སྲིད་པའི་སེམས་འཚབ་ཀྱང་ཡོད་པ་དང་། དེར་བརྟེན་ ཀྲར་ཀིའི་གཞུང་གིས་མཐའ་མཚམས་དགུའི་ནང་ནས་གཉིས་ལས་སྒོ་ཕྱེས་མེད་ཅིང་། ཁའ་ཌུ་ཡི་དམག་མི་རྣམས་སི་རི་ཡའི་རྒྱལ་ས་ཀོ་བྷེན་ (Kobane) གྱི་སྲུང་སྐྱོབ་ནང་མཉམ་ཞུགས་ཀྱིས་བཀག་འགོག་བྱེད་བཞིན་ཡོད་འདུག
དེ་བཞིན་ཀྲར་ཀི་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་གྱིས། དམིགས་བསལ་སྐྱབས་བཅོལ་བ་ཕྲུ་གུ་རྣམས་ལ་ཟས་དང། དགུན་ཁའི་གྱོན་ཆས། མལ་ཆས་སོགས་དགོས་མཁོ་ཆེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
བང་ཆེན་དྲ་བ་ནས།།
