དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༠ཚེས་༢༡ནས་ཕྱི་ཟླ་༡༡ཚེས་༤བར་ཀེ་ན་ཌའི་ཁུལ་དང་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀེ་ན་ཌའི་ནུབ་ཕྱོགས་སུ་ཡོད་པ་ཝན་ཀྱུ་བར་གྲོང་ཁྱེར་གྱི་ནང་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་པ་ཁག་གཅིག་དང་ལྷན་དུ་དཔལ་འབྱོར་དང་ཀླད་རྩ་དང་སེམས་ཁམས་རིག་པ། སྤྱི་ཚོགས་བདེ་དོན་དང་འབྲེལ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་ཚན་རིག་ཅེས་པའི་བགྲོ་གླེང་གི་ནང་ལྷན་ཞུགས་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༢༢དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་སྩལ་གནང་རྒྱུ་ཡིན་འདུག
དེ་ནས་ཨ་མི་རི་ཀར་ཆིབས་ཞལ་བསྒྱུར་གནང་གིས། ཕྱི་ཟླ་༡༠ཚེས་༢༥ཉིན་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་སྦར་མིང་ཧམ་རུ་ཨ་ལ་མ་བྷ་མའི་གཙུག་ལག་སློབ་གྲྭ་ཆེན་མོའི་གོ་སྒྲིག་འོག་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་རྒྱུ་མཛད་རྒྱུ་དང་། ཕྱི་ཚེས་༢༦ཉིན་གྲོང་ཁྱེར་དེའི་ནང་གི་ཆོས་ལུགས་མི་འདྲ་བ་ཁག་གི་ཆོས་དཔོན་རྣམས་དང་ལྷན་དུ་ཆོས་ལུགས་ཀྱི་རྭ་བ་ལས་བརྒལ་ཅེས་པའི་བརྗོད་གཞིའི་སྒོ་ནས་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་གཏོང་ཐབས་ཐད་ཀྱི་བགྲོ་གླེང་གི་ཚོགས་འདུའི་ཐོག་ཞུགས་གནང་མཛད་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་༢༧ཉིན་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་གནང་རྒྱུ་ཡིན་འདུག
དེ་ནས་ཨ་རིའི་གྲོང་ཁྱེར་སྦོསི་ཊོན་ནང་དེ་ཁུལ་གྱི་ཝིཡེཏ་ནམ་ནང་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་དང་སེམས་བསྐྱེད་ཀྱི་སྡོམ་པ་བོག་ཆོག་སྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༣༡ ཉིན་སེམས་དང་སྲོག་བསྟི་གནས་ཁང་གིས་གོ་སྒྲིག་ལྟར་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཡང་༧གོང་ས་ཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་སེམས་ཀྱི་འགྱུར་བའི་རིན་ཐང་སྦྱོང་བརྡར་བསྟི་གནས་ཁང་ནས་གོ་སྒྲིག་འོག་འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐབས་བྱ་མཁན་གྱི་རླབས་ཆེན་མི་སྣའི་བགྲོ་གླེང་གི་ཚོགས་འདུའི་ནང་མཉམ་ཞུགས་མཛད་རྒྱུ་ཡིན་འདུག
ཕྱི་༡༡ཚེས་༡ནས་༤བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་མང་ཚོགས་ལ་བཀའ་སློབ་དང་། ཟླ་སྣང་ཞེས་པའི་ཆོས་ཚོགས་དང་བོད་ཁང་སོ་སོ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བྱང་ཆུབ་སེམས་འགྲེལ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་། དྲང་ངེས་ལེགས་བཤད་སྙིང་པོ་བཅས་ཀྱི་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།
