ཁ་ སང་ རྒྱ་ གཞུང་ གིས་ དེང་ སྐབས་ རྒྱ་ ནག་ ནང་ དབུལ་ ཕོངས་ རྫོང་ ཁྱོན་ ༥༩༢ ཡོད་ པ་ དང་ ། རྒྱལ་ ཡོངས་ ཀྱི་ དབུལ་ ཕོངས་ རྫོང་ མང་ ཤོས་ བོད་ རང་ སྐྱོང་ ལྗོངས་ སུ་ དབུལ་ རྫོང་ ༧༤ ཡོད་ ལུགས་ བསྒྲགས་ འདུག
རྒྱ་ ནག་ གི་ གཞུང་ འབྲེལ་ གསར་ ལམ་ ཁག་ ནས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཁ་
ཡང་ ཚོགས་ ཐོག་ ཏུ་ རྒྱལ་ སྤྱིའི་ ཚད་ གཞི་ ལྟར་ རྩིས་ ན། ད་ སྐབས་ རྒྱ་ ནག་ ནང་ དབུལ་ བོ་ ཁྱོན་ དུང་ ཕྱུར་ ༢ ཙམ་ ཡོད་ པ་ དང་ ། ཕྱི་ ལོ་ ༡༩༨༦ ལོར་ དབུལ་ ཕོངས་ རྫོང་ ཁྱོན་ ༣༨༦ ལས་ མེད་ ཀྱང་ ། ༢༠༡༣ ལོར་ རྫོང་ ༥༩༢ ལ་ འཕར་ སྣོན་ བྱུང་ སྟེ། རྒྱལ་ ཡོངས་ ཀྱི་ སྤྱིའི་ བསྡོམས་ འབོར་ ལས་ བརྒྱ་ ཆ་ ༡༠ ཡས་ མས་ ཟིན་ ཡོད་ པ་ དང་ ། རྒྱ་ ནག་ ནང་ དབུལ་ ཕོངས་ རྫོང་ མང་ ཤོས་ ནི་ བོད་ རང་ སྐྱོང་ ལྗོངས་ ཡིན་ ཞིང་ ། དབུལ་ ཕོངས་ ཀྱི་ གྲས་ སུ་ ཚུད་ པའི་ རྫོང་ ༧༤ ཡོད་ པ་ དང་ ། དེ་ ནས་ ཡུན་ ནན་ ཞིང་ ཆེན་ ནང་ རྫོང་ ཁག་ ༧༣ དང་ ། གཞན་ མང་ ཆེ་ བ་ སི་ ཁྲོན་ དང་ ཧུའུ་ པེ། ཀན་ སུའུ་ སོགས་ ཀྱི་ ནང་ ཡོད་ ཅིང་ ། དབུས་ གཞུང་ གིས་ དབུལ་ སྐྱོར་ ལས་ གཞི་ སྤེལ་ སའི་ རྫོང་ ཁྱོན་ བསྡོམས་ ༨༠༠ ལྷག་ ཡོད་ སྐོར་ སོགས་ བསྒྲགས་ ཡོད་ འདུག
གནད་ དོན་ དེའི་ ཐད་ ཨ་ རིའི་ ལྷོ་ ཁཱ་ རོ་ ལི་ ནཱ་ སློབ་ ཆེན་ (University of South Carolina)གྱི་ དགེ་ རྒན་ ཆེན་ མོ་ ཞི་ ཐེན་ ལགས་ ཀྱིས། དེང་ སྐབས་ ཀྱི་ རྒྱལ་ སྤྱིའི་ ཚད་ གཞི་ ལྟར་ ན། ཉིན་ གཅིག་ ལ་ མི་ རེའི་ ཡོང་ འབབ་ ཨ་ སྒོར་ ༢ ཡིན་ པས། ཚད་ གཞི་ འདི་ གཞིར་ བཟུང་ སྟེ་ བརྩིས་ ན། འཛམ་ གླིང་ རྒྱལ་ ཁབ་ ཁག་ གི་ དབུལ་ ཕོངས་ ཀྱི་ མི་ འབོར་ དབྱེ་ སྟངས་ ལ་ རིགས་ མི་ འདྲ་ བ་ གསུམ་ དུ་ ཡོད་ པའི་ དང་ པོ་ དབུལ་ ཕོངས་ མི་ གྲངས་ ཀྱིས་ སྤྱིའི་ གྲངས་ འབོར་ གྱི་ བརྒྱ་ ཆ་ ༢ མན་ ཟིན་ པ་ དང་ ། གཉིས་ པ་ བརྒྱ་ ཆ་ ༢ ནས་ ༥ ཟིན་ པ། གསུམ་ པ་ བརྒྱ་ ཆ་ ༦ ནས་ ༢༠ ཟིན་ པ་ བཅས་ ཡིན་ པས། དེང་ སྐབས་ རྒྱ་ ནག་ ནང་ དབུལ་ ཕོངས་ མི་ འབོར་ དུང་ ཕྱུར་ ༡ ནས་ ༢ ཙམ་ ཡོད་ པ་ ངེས་ གཏན་ ཐུབ་ པས། འཛམ་ གླིང་ གི་ དབུས་ ཕོངས་ མི་ འབོར་ དབྱེ་ སྟངས་ ཀྱི་ ཨང་ རིམ་ ༣ པ་ དེ་ ཆགས་ ཡོད། སྤྱིར་ བཏང་ ཕྱི་ ལོ་ ༢༠༡༡ ལོའི་ ལོ་ མཇུག་ ནས་ བཟུང་ རྒྱ་ ནག་ ནང་ དབུལ་ པོ་ གཅིག་ ལ་ ལོ་ རེར་ ཆ་ སྙོམས་ ཡོང་ འབབ་ རྒྱ་ སྒོར་ ༢༣༠༠ ལ་ འཕར་ ཡོད་ ཀྱང་ ། རྒྱ་ ནག་ ནང་ གི་ དངོས་ པོའི་ རིན་ གོང་ ལ་ བལྟས་ ནས་ བཤད་ ན། ཉིན་ རེར་ མི་ གཅིག་ ལ་ རྒྱ་ སྒོར་ ༦ ཙམ་ གྱི་ ཡོང་ འབབ་ ནི་ ཧ་ ཅང་ དབུལ་ ཕོངས་ རེད། ཅེས་ བརྗོད་ འདུག
རྒྱ་ ནག་ གཞུང་ ཕྱོགས་ ཀྱི་ བརྒྱུད་ ལམ་ ཁག་ ནས་ འདི་ ལོ་ ནས་ བཟུང་ རྒྱ་ ནག་ ནང་ ལོ་ རེའི་ ཕྱི་ ཟླ་ ༡༠ ཚེས་ ༡༧ ཉིན་ དབུལ་ སྐྱོར་ ཉིན་ མོར་ ངོས་ འཛིན་ གྱིས། སྲིད་ གཞུང་ གིས་ དབུལ་ ཕོངས་ ལ་ རོགས་ སྐྱོར་ གྱི་ སྲིད་ བྱུས་ ཁག་ ལ་ བསྐྱར་ ཞིབ་ བྱས་ ཏེ། དབུལ་ ཕོངས་ ཀྱི་ གྲས་ སུ་ ཚུད་ པའི་ ཆ་ རྐྱེན་ དང་ དབུལ་ ཕོངས་ ཀྱི་ གནད་ དོན་ སེལ་ བར་ བྱ་ དགའ་ སྤྲོད་ པ། དེ་ བཞིན། དབུལ་ ཕོངས་ རྫོང་ གི་ ཞ་ མོ་ གྱོན་ པའི་ ཕྱུག་ པོ་ སོགས་ ལ་ ཞིབ་ འཇུག་ བྱ་ རྒྱུ་ ཡིན་ སྐོར་ བསྒྲགས་ འདུག་ ཀྱང་ ། གནད་ དོན་ དབྱེ་ ཞིབ་ པ་ ཚོས། དབུལ་ ཕོངས་ ཀྱི་ གནད་ དོན་ དེ་ རྒྱ་ ནག་ གི་ དཀའ་ གནད་ ཅིག་ ཆགས་ ཡོད་ ལ། དབུལ་ ཕོངས་ ཏུ་ གྱུར་ བའི་ རྒྱུ་ རྐྱེན་ ནི་ ཧ་ ཅང་ རྙོང་ ཟིང་ ཆེན་ པོ་ ཡིན་ པས། དབང་ ཆ་ གཅིག་ སྡུད་ ཀྱི་ ལམ་ ལུགས་ འོག་ གནད་ དོན་ དེ་ ཐག་ གཅོད་ བྱེད་ ཐབས་ མེད་ སྐོར་ བརྗོད་ ཀྱི་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

