ཕྱི་ལོ་༡༩༦༢ ལོར་ནོ་སྦེལ་ཚན་རིག་གཟེངས་རྟགས་ཐོབ་མྱོང་མཁན་གྱི་སྐྱེ་དངོས་ཚན་རིག་པ་ཇེམ་སི་ཝཊ་སོན་(James Watson) གྱིས། ནོ་སྦེལ་གསེར་གྱི་རྟགས་མ་ཨ་སྒོར་ས་ཡ་༤།༧ ཙམ་གྱི་རིན་དུ་མིང་སྨྲ་འདོད་མེད་པའི་མི་ཞིག་ལ་བཙོང་འདུག
ཕྱི་ཟླ་༡༢ པའི་ཚེས་༥ ཉིན་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་(Christie) ཚོང་གཉེར་སྡེ་ཚན་གྱིས་རིན་གོང་རིམ་པས་སྤར་ཆ་བྱས་པ་བཞིན། སུ་ཡིན་ཁ་གསལ་མེད་པའི་མི་ཞིག་ལ་ཁ་པར་བརྒྱུད་དེ་ནོ་སྦེལ་གསེར་གྱི་རྟགས་མ་ལ་ཨ་སྒོར་ས་ཡ་བཞི་དང་སྟོང་བདུན་རྒྱ་ལྔ་བཅུ་ལྔ་བདུན་གྱི་རིན་དུ་བཙོང་སྟེ། འཛམ་གླིང་གི་ཟིན་ཐོའི་ནང་ད་ལྟ་སྐུ་འཚོ་བཞུགས་ཡོད་པའི་ནོ་སྦེལ་གཟེངས་རྟགས་གསེར་གྱི་རྟགས་མར་རིན་གོང་མཐོ་ཤོས་སུ་བཙོང་མཁན་ཐོག་མ་ཆགས་ཡོད་པ་དང་། དེ་དང་ཕྱོགས་མཚུངས་)Christie) ཡིས་ཝཊ་སོན་གྱིས་ནོ་སྦེལ་གཟེངས་རྟགས་བཞེས་སྐབས་ཀྱི་གཏམ་བཤད་ཟིན་བྲིས་ལ་ཨ་སྒོར་༣༦༥༠༠༠ དང། གཟེངས་རྟགས་ཐོབ་པའི་ཉིན་གཅིག་རྗེས་སུ་གཏམ་བཤད་བྱས་པའི་ཟིན་བྲིས་ལག་བྲིས་མ་ཞིག་ཡོད་པ་དེ་ལའང་ཨ་སྒོར་༢༤༥༠༠༠ ལོ་བཙོང་ཡོད་པ་རེད།
རང་ལོ་༨༦ ལ་ཟིན་པའི་སྐྱེ་དངོས་ཚན་རིག་པ་ཇེམ་སེ་ཝཊ་སོན་གྱིས་གསེར་གྱི་རྟགས་མ་དེ་བཙོང་པའི་རིན་དངུལ། སྔོན་ཆད་ཁོང་རང་ཉིད་ལ་གཟིགས་སྐྱོང་དང། རྒྱབ་སྐྱོར་གནང་མྱོང་མཁན་གྱི་ཤེས་ཡོན་ལྟེ་གནས་ཁང་རྣམས་ལ་མུ་མཐུད་ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་ཆེད་ཞལ་འདེབས་སུ་ཕུལ་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་ཕྱི་ལོ་༢༠༠༧ ལོར་ཚན་རིག་ལྷན་ཚོགས་ཤིག་གི་ཐོག་ཏུ་ཨ་ཧྥི་རི་ཁའི་མི་ནག་རིགས་ལ་ཀླད་པའི་སྐྱེ་འཕེལ་གྱི་ནུས་ཤུགས་ཞན་པ་ཡོད་སྐོར་བཤད་མྱོང་བ་དེ་བདེན་པ་མིན་དང་། ཁོང་གི་ནོར་འཁྲུལ་གྱི་གཏམ་བརྗོད་དེའི་དོན་དུ་གཟོད་གསོལ་དང་དགོངས་སེལ་ཞུས་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ
བང་ཆེན་དྲ་བ་ནས།
