བོད་སྟོད་ཁུལ་དུ་བཟའ་གསུམ་བྱས་ནས་སྡོད་མཁན་འདུག་ཅེས་བརྗོད་བྱུང་། སྤུན་མཆེད་བུ་གཉིས་གསུམ་ལ་མནའ་མ་གཅིག་བྱས་ཏེ་བཟའ་གསུམ་གྱི་འཚོ་བ་སྐྱེལ་མཁན་ད་ལྟའང་ཡོད་པ་འདྲ། དེ་ཚོ་འཚམ་པོ་མེད། ཆེ་ས་ནས་བཤད་ན་མི་རིགས་འཕེལ་རྒྱས་ཀྱིས་མཚོན་གང་ཅིའི་ཐད་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་ཞེས། ༧གོང་ས་མཆོག་གིས་ཨི་ཊ་ལིའི་ཁུལ་གྱི་བོད་མི་ཚོར་གསུངས་ཡོད་
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢ ཉིན་༧གོང་ས་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་དུ། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༤ ཐོག་བཀའ་སློབ་དང་། དེ་བཞིན་ཕྱི་ཚེས་༡༣ ཉིན་རོམ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་བརྒལ་བར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་འདུག་པ་དང་། སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་སྔ་བོད་ལ་ནང་ཆོས་མ་དར་གོང་བོད་པ་ཚོ་ཧ་ལམ་ཀླ་ཀློ་བརྗོད་ཀྱང་ཕལ་ཆེར་འགྲིག་གི་ཡོད། འབྲོག་པ་ལྟ་བུ་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་ལ་སྐབས་དེར་འགལ་རྐྱེན་འདྲ་བྱུང་ན་གསོད་རེས་བྱེད་པ་སོགས་དེ་འདྲ་བྱས་ཏེ་གནས་ཡོད། དེ་ནས་བོད་ལ་ནང་པའི་ཆོས་དར་བའི་རྗེས་བོད་མི་རིགས་དེ་ནི་དངོས་གནས་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཕེབས་པའི་བོད་དོན་ཐོག་དོ་སྣང་བྱེད་མཁན་ཁྱེད་རྣམ་པ་ཚོས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཞེས་པ་དེ། ཕལ་ཆེར་འཛམ་གླིང་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ལྟ་བུ་རེད། ངོས་ཀྱིས་དུས་རྒྱུན་བོད་ཀྱི་སངས་རྒྱས་པའི་གཞུང་དེ་དག་དུམ་བུ་གསུམ་དུ་ཕྱེ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། ཚན་རིག་དང་། ལྟ་གྲུབ། ཆོས་ཕྱོགས་བཅས་ཀྱི་སྡེ་ཚན་བྱས་ཏེ་སྡེ་ཚན་གསུམ་དུ་ཕྱེ་ཡི་ཡོད། ཆོས་ཕྱོགས་ཀྱི་སྡེ་ཚན་དེ་ནང་པར་མ་གཏོགས་འབྲེལ་བ་མེད། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་དེ་འཛམ་བུ་གླིང་སྤྱི་ལ་འབྲེལ་བ་ཆགས་ཀྱི་ཡོད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་དགོས་པ་ཆེན་པོ་ཞིག་ཆགས་ཀྱི་འདུག དེར་ཁྱེད་རང་ཚོས་ད་ལྟ་བར་དོ་སྣང་གནང་ཡོད་པ་དེར་མུ་མཐུད་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན།
དེང་སྐབས་བོད་ནང་ཆོས་པ་ཡིན་ཞེས་རྒྱ་ནག་ནང་ཆོས་དད་ཡོད་མཁན་ཚོའི་ནང་ཕྱིན་ཏེ་ཆོས་བཙོངས་ནས་རྒྱུ་བཟོ་རྒྱུ་དང་། བུད་མེད་བསྟེན་རྒྱུ་སོགས་བྱེད་མཁན་དེ་འདྲ་ཡོད་པ་ངོས་ནས་ཉེ་ཆར་གོ་ཐོས་བྱུང་། དེ་ཚོའི་གྲས་དེ་སོ་སོ་རང་ཉིད་འདི་ཕྱི་གཉིས་ཕུང་བྱས་པ་ཙམ་མ་ཟད། བསྟན་པ་སྤྱིའི་མཚན་ལ་ཧ་ཅང་གནོད་ཀྱི་འདུག དེ་ཚོའི་གྲས་ཀྱིས་བསྟན་པ་སྤྱི་ལ་བསམ་བློ་མ་འཁོར་ཡང་། སོ་སོ་རང་ཉིད་འདི་ཕྱི་གཉིས་ཕུང་བྱེད་བཞིན་བསྡད་ན་ཡག་པོ་མེད། དེར་བརྟེན་ཚང་མས་གཟབ་གཟབ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་ཚོ་བརྒྱུད་ནས་བོད་ནང་ཡོད་མཁན་གྱི་སེར་སྐྱ་མི་མང་ཚང་མར་འདི་གཅིག་ཞུ་འདོད་བྱུང་། དེང་སང་བསྟན་པ་ཉག་ཕྲ་བའི་དུས་ཚོད་ལ་ང་རང་ཚོས་བཅོམ་ལྡན་འདས་ཀྱི་ན་བཟའ་གྱོན་ནས། བཅོམ་ལྡན་འདས་ཀྱི་ཞབས་འདེགས་རྒྱུའི་ཚབ་ལ་ཞབས་མར་འདྲེན་རྒྱུའི་ལས་ཀ་བྱས་ན་ཧ་ཅང་ཐབས་སྡུག་རེད། དེ་འདྲ་མི་ཡོང་བར་ཚང་མས་ཧུར་ཐག་བྱེད་རོགས་བྱེད་ཅེས་གཙོ་ཆེ་ཤོས་བོད་ནང་གི་བོད་མི་ཚོར་ངོས་ནས་བརྗོད་བཞིན་ཡོད། དེ་ཞེ་དྲགས་གལ་ཆེན་པོ་ཡིན། གཞན་ཡང་ཉེ་ཆར་ངོས་རང་གྲོགས་པོ་ཁ་ཤས་ཐུག་བྱུང་། སྐབས་དེར་བོད་སྟོད་ཁུལ་དུ་བཟའ་གསུམ་བྱས་ནས་སྡོད་མཁན་འདུག་ཅེས་བརྗོད་བྱུང་། སྦུན་མཆེད་བུ་སྤུན་གཉིས་གསུམ་ལ་མནའ་མ་གཅིག་བྱས་ཏེ་བཟའ་གསུམ་སྒྲིག་སྟེ་འཚོ་བ་སྐྱེལ་མཁན་ད་ལྟའང་ཡོད་པ་འདྲ། དེ་ཚོ་འཚམ་པོ་མེད། ཆེ་ས་ནས་བཤད་ན་མི་རིགས་འཕེལ་རྒྱས་ཀྱིས་མཚོན་གང་ཅིའི་ཐད་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་ཞེས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། གསར་འགོད་པ་བློ་བཟང་མཁྱེན་བརྩེ།
བང་ཆེན་དྲ་བ་ནས།།
